ཟླ་བ་ ༧ ཚེས ༢༢ ༢༠༡༣

༢༠༡༣ ཟླ་ ༧ ཚེས་ ༢༢ རེས་གཟའ་ཟླ་བ།


༄༅། །ཕྱི་ལོ་༢༠༡༣ ཟླ་༧ ཚེས་ ༢༠ ཉིན་སྔ་དྲོའི་ཆུ་ཚོད་༨།༤༠ ཙམ་ལ་སི་ཁྲོན་ཞིང་ཆེན་ཨ་མདོ་རྔ་པ་ཁུལ་མཛོད་དགེ་རྫོང་ཐང་སྐོར་སོག་ཚང་དགོན་བཀྲ་ཤིས་ཐེག་ཆེན་གླིང་གི་གྲྭ་དཀོན་མཆོག་བསོད་ནམས་ལགས་ཀྱིས་དགོན་པའི་ཞོགས་ཚོགས་གྲོལ་ནས་ཡོང་སྐབས། ལམ་བར་དུ་སྐུ་ལུས་མེར་བསྲེགས་གནང་ཡོད་པ་དང་། དགེ་འདུན་པ་ཚོས་མཐོང་དུས་མེ་ལྕེ་དྲག་པོ་འབར་བཞིན་པའི་ཁྲོད་དུ་ཁོང་གིས་ལག་གཉིས་ཐལ་མོ་སྦྱར་ཏེ་ངག་ནས་མང་པོ་ཞིག་རྗོད་ཀྱིན་སར་འགྱེལ་ནས་སྐུ་གྲོངས་ཡོད་པའི་གནས་ཚུལ་ཐོན་ཡོད།

ཁོང་དགུང་ལོ་༡༨ ཡིན་འདུག་པ་དང་། འཁྲུངས་ཡུལ་ནི་སི་ཁྲོན་ཞིང་ཆེན་ཨ་མདོ་རྔ་པ་ཁུལ་མཛོད་དགེ་རྫོང་ཐང་སྐོར་སོག་ཚང་སྡེ་བའི་ཕ་བསོད་ནམས་དཔལ་ལྡན་ལགས་དང་། མ་ལན་ཕྲུག་ལགས་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༩༩༥ ལོར་སྐུ་འཁྲུངས་པ་ཞིག་ཡིན་འདུག

ཁོང་གིས་སྐུ་ལུས་མེར་སྲེག་གནང་རྗེས་རྒྱ་ནག་གི་ཉེན་རྟོག་པ་དང་དམག་མི་མང་པོས་དགོན་པ་བསྐོར་ཏེ་སྐུ་ཕུང་རྩིས་སྤྲོད་དགོས་པའི་བཙན་བཀའ་བཏང་ཡོད་ཀྱང་། སྐབས་དེར་ཨར་སྐྱ་ཞེས་པའི་གནས་རིར་མང་ཚོགས་ཀྱིས་བསང་གསོལ་གཏོང་ས་ནས་གནས་ཚུལ་དེ་གོ་མ་ཐག་མང་ཚོགས་༡༥༠༠ ཙམ་དགོན་པར་འབྱོར་ནས་སྐུ་ཕུང་རྒྱ་ལག་ཏུ་ཤོར་མ་བཅུག་པར་ལྷ་ཁང་ཞིག་ཏུ་གདན་དྲངས་ཏེ་གྲྭ་མང་གིས་བསྔོ་སྨོན་གསུངས་པ་དང་། ས་གནས་མང་ཚོགས་ཀྱིས་རྒྱ་གཞུང་ལ་སྐུ་ཕུང་རྩིས་མ་སྤྲད་པ་དང་སྤྱི་ཡོངས་གནས་སྟངས་ལ་དྲག་གནོན་བྱས་ཏེ་ཛ་དྲག་གི་གནས་སྟངས་འོག་ཡོད་པ་མ་ཟད་བརྒྱུད་ལམ་ཚང་མ་བཀག་འགོག་ཀྱང་བྱས་ཡོད་འདུག

ཁོང་ནི་རང་རེའི་རྩ་དོན་གྱི་སླད་དུ་སྐུ་སྲོག་བློས་བཏང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་༡༢༠ པ་དེ་ཡིན་ལ། ཕྱི་ལོ་༢༠༠༩།༢།༢༧ ནས་ ༢༠༡༣།༧།༢༡ བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཤེས་རྟོགས་གསལ་པོ་བྱུང་བ་ནི། བོད་ནང་རང་ལུས་མེར་སྲེག་གནང་མཁན་ ༡༢༠ བྱུང་བ་ལས་འདས་གྲོངས་སུ་གྱུར་པ་གྲངས་ ༡༠༣ ཆགས་ཡོད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས། རང་ལུས་མེར་སྲེག་ཐད་གསར་འགོད་བསྒྲགས་གཏམ་སོགས་རིམ་སྤེལ་བྱས་པའི་ནང་། བོད་ནང་རང་ལུས་མེར་སྲེག་དེ་ལྟར་ཕོན་ཆེན་བྱུང་དོན་ནི། རྒྱ་ནག་གཞུང་གིས་བོད་ཡུལ་བཙན་བཟུང་བྱས་པ་ནས། བོད་ཡུལ་དང་བོད་མི་རིགས། ཆོས་དང་སྐད་ཡིག གོམས་གཤིས་དང་ཡུལ་སྲོལ་སོགས་རྩ་མེད་དུ་གཏོང་བཞིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ལས་བྱུང་བ་ཡིན་པ་བསྒྲགས་ཡོད་ལ་ད་དུང་ཡང་ནན་བརྗོད་བྱེད་རྒྱུ་ཡིན།

རྒྱ་ནག་གཞུང་གིས་བོད་ནང་རང་ལུས་མེར་སྲེག་ནམ་བྱུང་ཚེ། ཐོག་མར་རྩ་བ་ནས་སྦས་ཐབས་བྱས་པ་དང་། ཡང་ན་ནང་མི་དང་ཉེ་འབྲེལ། དགོན་གྲོང་ཁག་ལ་སྡིག་སྐུལ་དང་ལྐོག་རྔན་སྤྲོད་ཐབས་ཀྱིས་གནས་ཚུལ་ཕྱིར་བསྒྲགས་མ་འགྲོ་བར་ཐབས་ཤེས་བྱས་ཡོད། དེ་ཡང་མ་བྱུང་སྟེ་ཕྱི་ཕྱོགས་སུ་ཡོད་པའི་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས། བོད་དོན་རྒྱབ་སྐྱོར་བྱེད་མཁན་གྱི་སྲིད་གཞུང་ཁག་གིས་རང་ལུས་མེར་སྲེག་ལ་སྐུལ་སློང་བྱེད་ཀྱི་ཡོད་པའི་ངན་ཁག་དཀྲིས་ཐབས་དང་དྲིལ་བསྒྲགས་ལོག་འགྲེལ་བརྒྱབས་པ་དང་། བོད་ནང་རང་ལུས་མེར་སྲེག་གནང་མཁན་ལ་སྐུལ་སློང་བྱེད་མཁན་དོགས་ཡོད་ཉེས་ཅན་པར་བསྙད་ནས། དཔང་རྟགས་དང་བདེན་དཔང་གང་ཡང་མེད་པའི་སྒོ་ནས་བོད་མི་མང་པོ་སྡེབ་བཟུང་གིས་སྲོག་ཁྲིམས་དང་ལོ་གྲངས་རྒྱས་བཅད་ཀྱིས་ཁྲིམས་ཐག་བཅད་དང་གཅོད་བཞིན་ཡོད་པ་དང་། རང་སྲེག་བྱུང་བའི་ས་ཁུལ་གང་སར་དྲག་གནོན་དང་བསུན་བཙིར་དམ་དྲག་བྱེད་བཞིན་པ་དེ་དག་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན་ལ། རྒྱ་གཞུང་གིས་བོད་མི་ཚོས་རང་ལུས་མེར་སྲེག་གནང་དོན་ལ་ཞིབ་འཇུག་བྱས་ཏེ།  བོད་མི་མང་གི་བསམ་ཚུལ་མཚོན་པའི་མཐུན་ཕྱོགས་ཀྱི་སྐད་ཆ་ཚིག་འབྲུ་གཅིག་ཀྱང་མི་བཤད་པར་དེ་ལས་ལྡོག་སྟེ་ཕྱི་ཕྱོགས་ཁོ་ནར་ངན་ཁག་དཀྲི་ཐབས་བྱས་དང་བྱེད་བཞིན་པར་ནམ་ཡང་ངོས་ལེན་བྱེད་ཐབས་མེད་ཅེས་ནན་བརྗོད་བྱེད་རྒྱུ་ཡིན།
ད་དུང་ནན་བརྗོད་བྱེད་དགོས་པ་ཞིག་ལ། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་སྔ་ཕྱིའི་ཐོག གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་རིམ་པར་བཞག་པའི་ནང་། བོད་མི་ཚོས་རང་ལུས་མེར་སྲེག་བྱེད་དགོས་དོན་དང་། ཁོང་ཚོའི་ངོ་རྒོལ་དང་རེ་འདུན་གྱི་འབོད་ཚིག ཞལ་ཆེམས་བཞག་པ་ཁག་ལ་ངེས་པར་དུ་རྒྱ་གཞུང་གིས་ཞིབ་འཇུག་བྱས་ཏེ་དཀའ་རྙོག་སེལ་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་གཙོས་སྲིད་གཞུང་ཁག་གི་གྲོས་ཆོད་ཡིག་ཐོག་ཙམ་དུ་མིན་པར། རྒྱལ་སྤྱིའི་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་ཆུང་བོད་དུ་གཏོང་ཐབས་ཡོང་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་གྲས་སུ་ཡོད་པའི་རྒྱལ་ཁབ་ ༤༧ གྱི་ཚོགས་མི་རྣམས་ནས་བོད་དོན་ཆེད་དམིགས་བསལ་ཛ་དྲག་གི་ལྷན་ཚོགས་ཤིག་ཚོགས་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་བཞིན། ཐེངས་འདིའི་གསར་འགོད་བསྒྲགས་གཏམ་འདི་དང་འབྲེལ་ནས་ལག་བསྟར་ཡོང་བའི་རེ་སྐུལ་ནན་མོ་ཞུ་རྒྱུ་ཡིན། ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༢ ཉིན་སྤེལ།།

Share with your friends










Submit