ཟླ་བ་ ༤ ཚེས ༡༠ ༢༠༡༣

༢༠༡༣ ཟླ་ ༤ ཚེས་ ༨ རེས་གཟའ་ཟླ་བ།

༄༅། ། ཉེ་ཆར་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ལྔ་པའི་ཐོག་བཀུར་འོས་སྤྱི་འཐུས་ཤིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོས་ལྗགས་རྩོམ་གནང་བའི་བདེན་གསོལ་སྨོན་ཚིག་ནང་ “ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ།།” ཞེས་པ་དང་། ལྷ་མོའི་འཕྲིན་བསྐུལ་དུ་ “རང་དབང་དཔལ་ལ་རེ་བཞིན་རྟག་གནས་ན།།” ཞེས་པ་དང་། གནས་ཆུང་འཕྲིན་བསྐུལ་དུ་ “ཆོས་སྲིད་རང་དབང་དགའ་སྟོན་སྒྲུབས་ཤིག་ཀྱེ།།” ཞེས་པ་དང་། དེ་བཞིན་བོད་སྐྱོང་ལྷ་སྲུང་སྤྱིའི་འཕྲིན་བསྐུལ་དུ་ “ཆོས་སྲིད་རང་དབང་གཙང་མའི་སྣང་བའི་དཔལ།།” ཞེས་གསུངས་པ་དེ་དག་གི་བརྗོད་ཚིག་ཏུ་ཡོད་པའི་ “རང་དབང་” ཞེས་པ་ “རང་བཙན་” གྱི་དོན་ལ་གོ་དགོས་པ་དང་། ༸གོང་ས་མཆོག་གི་ཐུགས་ཀྱི་བཞེད་དགོངས་ངོ་མ་ “བོད་རང་བཙན་” ཡིན་ཚུལ་འགྲེལ་བརྗོད་གནང་འདུགདེ་ལ་སྐབས་དེར་འབྲེལ་ཡོད་མཛད་གཙོ་རྣམ་པས་གསལ་བཤད་ཀྱང་མཛད་འདུག་ནའང་། གོང་དུ་དྲངས་པའི་ཚིག་བརྗོད་དེ་དག་ལྗགས་རྩོམ་གནང་མཁན་༸གོང་ས་མཆོག་སྐུ་ངོ་མ་ཉེ་འགྲམ་དུ་བཞུགས་བཞིན་དུ་ཁོང་གི་གསུང་གི་ཚིག་དོན་ལ་དངོས་དོན་མིན་པའི་འགྲེལ་བཤད་གནང་བ་དེ་ལ་འདི་གའི་འབྲེལ་ཡོད་ནས་གསལ་བཤད་ཅིག་མ་ཞུས་ན། བློ་གྲོས་ཞན་པ་འགའ་ཞིག་མགོ་བོ་རྨོངས་གཞི་དང་། རྒྱ་རིགས་རྣམས་ལ་དྭོགས་འདྲོགས་བསླང་གཞི། ལྷག་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྣེ་མོ་བ་མཁྲེགས་བཟུང་བྱེད་མཁན་ཚོས་༸གོང་ས་མཆོག་ཞལ་ཞེ་གཉིས་མེད་དང་ཐུགས་བསམ་རྣམ་དག་མིན་པའི་སྐྱོན་བརྗོད་བྱེད་བཞིན་པ་དེ་ཚོའི་ཁུངས་སྐྱེལ་དན་རྟགས་ལྟ་བུར་འགྱུར་རྒྱུ་མ་ཟད། བྱུང་རབས་ཡིག་ཆའང་གསལ་ཁ་མེད་པ་ཆགས་གཞི་བཅས་ལ་བརྟེན། ད་ལམ་བརྒྱུད་ལམ་ཁག་གི་ཐོག་གསལ་བསྒྲགས་འདི་འགྲེམས་སྤེལ་ཞུས་པ་ཡིན།

“རང་དབང་” ཞེས་པའི་ཚིག་དང་ “རང་བཙན་” ཞེས་པའི་ཚིག་གཉིས་དོན་གཅིག་མིང་གི་རྣམ་གྲངས་མ་ཡིན་པར། གོ་དོན་མི་འདྲ་བ་སོ་སོར་ཡོད་པ་ནི་ཡོངས་གྲགས་ཡིན་པས་ཀུན་གྱིས་མཁྱེན་གསལ་དང་།

ཨིན་སྐད་དུ་ Freedom ཞེས་པ་དང་ Independence ཞེས་པ་གཉིས་མིང་ཚིག་བེད་སྤྱོད་སྤྱི་དང་། ཁྱད་པར་སྲིད་དོན་དང་འབྲེལ་བའི་སྐབས་གོ་དོན་ཧ་ཅང་མི་འདྲ་བ་ཡོད་པ་བཞིན། བོད་སྐད་དུའང་ “རང་དབང་” དང་ “རང་བཙན་” གཉིས་ལ་གོ་དོན་མི་འདྲ་བ་ཡོད་པ་༸གོང་ས་མཆོག་གིས་གསལ་པོ་དགོངས་པའི་ཐོག་ནས་གོང་དུ་དྲངས་པའི་བཀའ་རྩོམ་དེ་དག་གི་ནང་ “རང་དབང་” ཞེས་པའི་ཚིག་ལས་ “རང་བཙན་” ཞེས་པའི་ཚིག་བེད་སྤྱོད་གནང་མེད། གལ་སྲིད་རང་བཙན་ཐུགས་ཀྱི་བཞེད་དགོངས་ཡིན་ན་ཚིག་ཀྱང་དེ་རང་བེད་སྤྱོད་གནང་རྒྱུར་སྡེབ་སྦྱོར་དང་བརྡ་སྤྲོད་གང་གི་ཆ་ནས་མི་བདེ་བ་གཏན་ནས་མེད། ༸གོང་ས་མཆོག་གི་བཞེད་དགོངས་ངོ་མ་གང་ཡིན་ཆེས་གསལ་བ་ཞིག་ནི་༸གོང་ས་མཆོག་གི་བཀའ་རྩོམ་དགའ་གདོང་འཕྲིན་བསྐུལ་དུ་ “མཉེས་གཤིན་བྱམས་བརྩེས་འགྲོགས་ཐབས་འཚེ་མེད་ལམ།། མཐའ་གཉིས་སྤངས་པ་གཉིས་སྨན་དབུ་མའི་ལམ།། འཇིགས་རུང་དྲག་མཚོན་མ་མཆིས་ཞི་བདེའི་ཡུལ།། བསྐྲུན་པའི་ཐབས་ཚུལ་འགྲུབ་པའི་མཐུ་དཔུང་སྐྱེད།།” ཅེས་གསུངས་ཡོད་ཅིང་། འདི་ལས་གསུང་རྩོམ་གཞན་གྱི་དགོངས་དོན་ཡང་དཔོག་ནུས་པ་ལགས་ན། དྲང་བདེན་ལ་ཡིད་ཆེས་ཡོད་པའི་ཕྱི་ནང་མང་ཚོགས་རྣམས་ཀྱིས་གོ་ནོར་མ་ཐེབས་པ་གནང་གལ་ཆེ་བའི་ཡོངས་ཁྱབ་གསལ་བསྒྲགས་སུ།

དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ ༢༠༡༣ ཕྱི་ཟླ་ ༤ ཚེས་ ༨ ལ།། །།

 

 

Share with your friends










Submit