མདུན་ཤོག » གསར་གནས། »

ཧིན་དུའི་སྡིག་ཁྲུས་ཀྱི་དུས་ཆེན་རྒྱས་འཛོམས་མ་ཧཱ་ཀུམ་བྷ་མེ་ལའི་སྐབས་བོད་དོན་དྲིལ་བསྒྲགས་གནང་བ།

༢༠༡༣ ཟླ་ ༣ ཚེས་ ༥ རེས་གཟའ་མིག་དམར།

༄༅། །རྒྱ་གར་ཨུ་ཏར་པར་ཌེ་ཤིའི་གྲོང་ཁྱེར་ཨེ་ལ་ཧཱ་བྷ་ཌིར་ལོ་ངོ་བཅུ་གཉིས་ཀྱི་མཚམས་སུ་ཐེངས་རེ་འཚོགས་རྒྱུའི་ཧིན་དུའི་སྡིག་ཁྲུས་ཀྱི་དུས་ཆེན་མ་ཧཱ་ཀུམ་བྷ་མེ་ལ་ཞེས་ (Maha Kumbh Mela) པའི་མཛད་སྒོ་ཚོགས་སྐབས་དང་སྟབས་བསྟུན། ཧི་མ་ལ་ཡའི་བོད་དོན་ལས་འགུལ་ཚོགས་པས་ (Himalayan Committee for Action on Tibet) བོད་དོན་དང་འབྲེལ་བའི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད།
དེ་ཡང་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྙིང་རྗེ་གལ་ཆེ་ཚུལ་ལམ་སྟོན་བཀའ་སློབ་སྩལ་བའི་དུམ་བུ་ཞིག (Compassion As the Pillar Of World Peace) ཤེས་རབ་བཟང་པོ་ཆོས་ཚོགས་ཀྱིས་ཧིན་སྐད་ཐོག་ཕབ་བསྒྱུར་ཞུས་པ་དེ་ཧི་མ་ལ་ཡའི་བོད་དོན་ལས་འགུལ་ཚོགས་པས་འགྲེམས་སྤེལ་གནང་ཡོད་པ་དང་། དེ་བཞིན་རྒྱ་གར་དང་གནའ་སྔ་མོ་ནས་བླ་སློབ་ཀྱི་འབྲེལ་བ་དམ་ཟབ་ཡོད་པའི་བོད་རིགས་རྣམས་ལ་རྒྱ་མི་དམར་པོས་བཙན་བཟུང་བྱས་རྗེས་བོད་ཀྱི་ཆོས་དང་རིག་གཞུང། ཁོར་ཡུག་སོགས་ལ་གཏོར་བཤིག་ཚད་མེད་བཏང་དང་གཏོང་མུས་ཡིན་པ་མ་ཟད། མཐའ་ན། བོད་མི་རིགས་ཀྱི་རིག་གཞུང་དང་བཅས་པ་འཆི་གསོན་གྱི་གནས་སུ་གྱར་དགོས་བཟོས་པར་བརྟེན། བོད་མི་བརྒྱ་ཕྲག་བརྒལ་བས་རྒྱ་ནག་དམར་གཞུང་ནས་བོད་མིའི་ཐོག་འཛིན་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས། ཞེས་སོགས་ཀྱི་འབོད་ཚིག་བསྒྲགས་ཡོད་སྐོར་སོགས་འཁོད་པའི་ཡིག་བྱང་རྒྱ་ཆེ་ཞིག་འགྲེམས་སྤེལ་གནང་སྟེ་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་ཡོད་པ་བཅས། །