མདུན་ཤོག » གསར་གནས། »

སྐུ་ཞབས་ཚེ་དབང་ཕུན་ཚོགས་ལགས་ཀྱིས་དྲུང་ཆེའི་ལས་ཁུར་ཞུས་པ།

༢༠༡༣ ཟླ་ ༣ ཚེས་ ༥ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༩ ཉིན་བཀའ་ཤག་གི་བཀོད་ཁྱབ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་ལྷོ་ཨ་མི་རི་ཁའི་འབྲེལ་མཐུད་པ་སྐུ་ཞབས་ཚེ་དབང་ཕུན་ཚོགས་ལགས་དྲུང་འཕར་ནས་དྲུང་ཆེའི་གནས་རིམ་ཐོག་གནས་སྤར་གནང་ཡོད།

དེ་ཡང་ཁོང་གི་ལོ་རྒྱུས་སྙིང་བསྡུས་ནི། ཁོང་གིས་ཕྱི་ལོ་ ༡༩༧༩ ནས་ཕྱི་ལོ་ ༡༩༨༥ བར་བདེ་ལེགས་སྨན་ཁང་དུ་ཕྱག་ལས་གནང་ཡོད། ཕྱི་ལོ་ ༡༩༨༦ ནས་ ༡༩༨༩ བར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་སུ་ཕྱག་ལས་གནང་རྗེས། ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༥ བར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོའི་ཕྱག་ལས་གནང། ཕྱི་ལོ་ ༡༩༩༥ ནས་ཕྱི་ལོ་ ༢༠༠༡ བར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནང་ཕྱག་ལས་གནང་། ཕྱི་དྲིལ་ལས་ཁུངས་ནས་ཕྱི་ལོ་ ༢༠༠༡ ལོར། རྒྱ་ནག་དམར་པོའི་བཙན་འོག་ཏུ་ལོ་ངོ་ལྔ་བཅུ་ཕྱིན་པའི་བོད། (Tibet Under Communist China: 50 Years” (2001) ཅེས་པའི་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ཉམས་ཞིབ་ཚོགས་ཆུང་གི་ཚོགས་མིའི་ཕྱག་ལས་གནང། ཕྱི་ལོ་ ༢༠༠༡ ནས་ད་བར་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མིའི་ལས་འགན་ཞུ་མུས་ཡིན། ཁོང་གིས་ཕྱི་ལོ་ ༢༠༠༢ ལོ་ནས་ད་བར་བྱང་ཨ་མི་རི་ཁའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་རྟེན་གཞི་བྱས་པའི་ལྷོ་ཨ་མི་རི་ཀའི་འབྲེལ་མཐུད་ལས་ཁུངས་ནང་ (Liaison Officer of Central Tibetan Administration) འབྲེལ་མཐུད་པའི་ཕྱག་ལས་གནང་མུས་ཡིན། ཁོང་ལ་བྷེ་རན་ཌི་སི་མཐོ་སློབ་ (Brandeis University) ཁང་ནས་རྒྱལ་སྤྱིའི་རྒྱུན་སྲིང་ཐུབ་པའི་ཡར་རྒྱས་གཏོང་ཕྱོགས་ (International Sustainable Development) སྐོར་གྱི་བརྗོད་གཞི་དང་འབྲེལ་བའི་ཐོག་གཙུག་ལག་རབ་འབྱམས་པའི་ (Master’s degree) ཕྱག་འཁྱེར་ཐོབ་ཡོད། གཙུག་ལག་སློབ་ཁང་དེ་ནི་ཨ་རིའི་མེ་ས་ཆུ་སི་ཊིར་རྟེན་གཞི་བྱས་ཡོད་འདུག་པ་བཅས།།