མདུན་ཤོག » གསར་གནས། »

རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ལ་རྒྱལ་སྤྱིའི་དཔའ་མཛངས་ལྡན་པའི་བུད་མེད་ཀྱི་གཟེངས་རྟགས་ཐོབ་པ།

༢༠༡༣ ཟླ་ ༣ ཚེས་ ༥ རེས་གཟའ་མིག་དམར།

༄༅། །ཨ་རིའི་ཕྱི་སྲིད་ལས་ཁུངས་ (U.S. State Department) ཀྱིས་ཕྱི་ཟླ་ ༣ ཚེས་ ༤ ཉིན་གསལ་བསྒྲགས་སྤེལ་དོན་ལྟར་ན། ཕྱི་ལོ་ ༢༠༡༣ ལོའི་རྒྱལ་སྤྱིའི་དཔའ་མཛངས་ལྡན་པའི་བུད་མེད་ཀྱི་གཟེངས་རྟགས་ (International Women of Courage Award) ཞེས་པ་དེ་བོད་པའི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ལ་གནང་རྒྱུ་ཡིན་འདུག དེ་ཡང་འདི་ལོ་ཕྱི་ཟླ་ ༣ ཚེས་ ༨ ཉིན་རྒྱལ་སྤྱིའི་བུད་མེད་ཉིན་མོ་དང་སྟབས་བསྟུན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཇོན་ཀེ་རི་ (John Kerry) མཆོག་གིས་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་དང་གཞན་ཡང་འཛམ་གླིང་ཁྱོན་ཡོངས་ནས་བདེན་པ་དང་འགྲོ་བ་མིའི་ཐོབ་ཐང་། བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་དང་། དབུལ་ཕོངས་ཀྱི་དཀའ་ངལ་སེལ་རྒྱུ། ཕོ་མོ་དབྱེ་འབྱེད་ལ་གདོང་ལེན་བྱ་རྒྱུ། སྤྱི་ཚོགས་ནང་ཞི་བདེ་དང་འཆམ་མཐུན་གོང་འཕེལ་གཏོང་རྒྱུ་སོགས་རིན་ཐང་དེ་དག་སྲུང་སྐྱོབ་ཆེད་སྙིང་སྟོབས་ཆེན་པོས་འབད་བརྩོན་གནང་མཁན་གྱི་བུད་མེད་དགུ་ལ་གོང་ཚེས་ཉིན་གཟེངས་རྟགས་འབུལ་རྒྱུ་ཡིན་འདུག

གཟེངས་རྟགས་འབུལ་རྒྱུའི་མཛད་སྒོར་དམིགས་བསལ་སྐུ་མགྲོན་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རཀ་ཨོ་བྷ་མ་མཆོག་གི་ལྕམ་སྐུ་མི་ཤལ་ཨོ་བྷཱ་མ་ (First Lady Michelle Obama) མཆོག་ཆེད་ཕེབས་གནང་རྒྱུ་ཡིན་ཞེས་འཁོད་པ་མ་ཟད། གསལ་བསྒྲགས་ནང་མུ་མཐུད་འཁོད་དོན། ཚེ་རིང་འོད་ཟེར་ལགས་ནི་རྩོམ་པ་པོ་དང་དྲ་ཐོག་ཆེད་རྩོམ་སྤེལ་མཁན། དེ་བཞིན་སྙན་ངག་འབྲི་རྩོམ་གནང་བ་བརྒྱུད། རྒྱ་ནག་སྐམ་སའི་ནང་བོད་ནང་གི་དངོས་ཡོད་གནས་སྟངས་གསལ་བཤད་དང་བགྲོ་གླེང་གནང་ཐབས་གནང་མཁན་ཞིག་ཡིན་པ་མ་ཟད། རྒྱ་བོད་མི་རིགས་གཉིས་འཆམ་མཐུན་གོང་འཕེལ་གཏོང་ཐབས་གནང་མཁན་ཞིག་ཀྱང་ཆགས་ཡོད། དེ་ཡང་ཁོ་མོ་རང་ཉིད་པེ་ཅིང་དུ་བཟང་བཙོན་འོག་གནས་སྐབས་སུའང་རྒྱ་ནག་གཞུང་གིས་དྲ་རྒྱར་དམ་བསྒྲགས་བྱས་མིན་ལ་མ་ལྟོས་པར་རང་གི་རིག་སྟོབས་ཀྱིས་བོད་ནང་གི་དངོས་ཡོད་གནས་སྟངས་ཇི་ཡིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་གོ་རྟོགས་སྤེལ་ཐབས་གནང་ཡོད་པར་བརྟེན། བོད་དོན་ཉམས་ཞིབ་པ་དང་འཛམ་གླིང་ཁྱོན་ཡོངས་སུ་སྲིད་གཞུང་ཁག་གི་ཆབ་སྲིད་མི་སྣ་རྣམས་ལ་བོད་ནང་གི་དངོས་ཡོད་གནས་ཚུལ་རྟོགས་རྒྱུར་མཐུན་འགྱུར་ཧ་ཅང་བསྐྲུན་ཡོད།

ཕྱོགས་མཚུངས་ཐེངས་འདིར་བོད་པའི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ལ་གཟེངས་རྟགས་འདི་བཞིན་གནང་རྒྱུའི་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་ལྕམ་སྐུ་མེ་རི་བྷེ་ཐི་མར་ཀེ་མཆོག་གིས་ (Mary Beth Markey) གསུང་དོན། རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་བོད་དང་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་སྲུང་སྐྱོབ་ཆེད་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་ནས་འབད་བརྩོན་གནང་བར་ངོས་འཛིན་ཞུ་ཆེད་ཐེངས་འདིར་གཟེངས་རྟགས་ཐོབ་ཡོད། གཟེངས་རྟགས་འདིས་ཚེ་རིང་འོད་ཟེར་ལགས་སྐུ་སྒེར་གྱི་བྱས་རྗེས་གཅིག་པུར་ངོས་འཛིན་དང་ཆེ་མཐོང་ཞུས་པ་ཞིག་མིན་པར། བོད་མི་ཚོས་རང་གི་ཐོབ་ཐང་དང་ཆེ་མཐོང་ཆེད་འཐབ་རྩོད་གནང་བ་དེར་ཨ་རིའི་གཞུང་གིས་རྒྱབ་སྐྱོར་དང་སེམས་འཚབ་ཡོད་པའི་རྣམ་པ་གསལ་སྟོན་བྱས་པ་ཞིག་ཀྱང་ཆགས་ཡོད། སྤྱིར་རྒྱལ་སྤྱིའི་དཔའ་མཛངས་ལྡན་པའི་བུད་མེད་ཀྱི་གཟེངས་རྟགས་དེ་བཞིན་ཐོག་མར་ཕྱི་ལོ་ ༢༠༠༧ ལོར་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་གསར་གཏོད་གནང་བ་ནས་ཟུང་ད་བར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱལ་ཁབ་ ༣༤ ནས་བུད་མེད་གྲངས་ ༤༦ ལ་གཟེངས་རྟགས་འདི་ཕུལ་ཟིན་འདུག་པ་བཅས།།