མདུན་ཤོག » གསར་གནས། »

བདེ་སྲུང་དྲུང་ཟུར་བྱམས་པ་སྐལ་ལྡན་ལགས་ཀྱི་མི་ཚེའི་ལོ་རྒྱུས་སྙིང་བསྡུས།

༢༠༡༣ ཟླ་ ༣ ཚེས་ ༥ རེས་གཟའ་མིག་དམར།

༄༅། །བཙན་བྱོལ་བོད་མིའི་སྲི་ཞུ་བ་དྲུང་ཟུར་བྱམས་པ་སྐལ་ལྡན་ལགས་དགུང་ལོ་མཐོ་པོར་ཕེབས་ཁར་བར་ལམ་ནས་སྐུ་གཟུགས་བདེ་མིན་ལ་བརྟེན་སྨན་བཅོས་ཞབས་རིམ་ཅི་ཡོང་ཞུས་ཀྱང་དྲག་སྐྱེད་མ་བྱུང་བར་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༥ ཕྱེད་ཡོལ་ཆུ་ཚོད་ ༣ ཙམ་ལ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བློ་ཕམ་དང་བཅས་དམ་པ་དེ་ཉིད་ཀྱིས་ཚེ་རབས་ཕྲེང་བ་ནས་བསགས་པའི་སྡིག་སྒྲིབ་བྱང་ཞིང་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་མགྱོགས་ནས་མྱུར་དུ་ཐོབ་ཆེད་ཕྱི་ཟླ་ ༢ ཚེས་ ༢༦ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ པའི་ཐོག་ལས་བྱེད་གསོལ་ཚང་ཡང་སྟེང་ཚོགས་ཁང་དུ་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཀྱིས་སྨོན་ལམ་གསུང་འདོན་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེ་མཚོན་སླད་དབུས་ཀྱི་ལས་ཁུངས་ཁག་ཆུ་ཚོད་ ༤ ནས་སྒོ་བརྒྱབ་ཡོད།

དེ་ཡང་དྲུང་ཟུར་བྱམས་པ་སྐལ་ལྡན་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས་ནི། དམ་པ་ཁོང་ཕྱི་ལོ་ ༡༩༢༣ ལོར་ཆབ་མདོའི་མངའ་ཁུལ་ཚྭ་བ་མཛོ་ཁང་རྫོང་དུ་འཁྲུངས་ཤིང། དགུང་ལོ་ ༩ སེ་ར་དགོན་པར་ཆོས་ཞུགས་གནང་སྟེ་དགེ་བཤེས་བྱམས་པ་ཐབས་མཁས་ལགས་བཤེས་གཉེན་དུ་བསྟེན་ནས་གཞུང་ལུགས་རབ་འབྱམས་ལ་སློབ་གཉེར་གནང་འགོ་བཙུགས་པ་དང་སྦྲགས། དགེ་བཤེས་ལགས་ཀྱི་གསོལ་དཔོན་ཡང་གནང་བ་སོགས་ཞབས་ཕྱི་ཧུར་ཐག་ཞུས་ཡོད། ཡི་གེ་འབྲི་ཀློག་དང་གཞི་རིམ་རྩིས་ཀྱི་སློབ་སྦྱོང་སོགས་གཞན་ལ་བསྟེན་མི་དགོས་པར་རང་སྦྱོང་འོག་མཁྱེན་ཐུབ་པ་བྱུང་ཡོད།

ཕྱི་ལོ་ ༡༩༣༩ ལོར་དགེ་བཤེས་ལགས་དང་ལྷན་ཆབ་མདོར་ཕེབས་ཏེ། དགེ་བཤེས་ལགས་ཀྱིས་ཁུལ་དེར་བཤད་གྲྭའི་སློབ་གྲྭ་གསར་འཛུགས་གནང། དགེ་བཤེས་ལགས་དགོངས་པ་རྫོགས་རྗེས་ཚོང་ལས་གནང། རྒྱ་མིས་བོད་ནང་བཙན་འཛུལ་བྱས་རྗེས་ཆབ་མདོ་ཨུ་ཡོན་ལྷན་ཁང་ཟེར་བའི་འཐུས་མིའི་གྲས་སུ་འདེམས་ཐོན་དང། དེ་རྗེས་ལྷ་ས་ཁུལ་དུ་ཕེབས་ཏེ་ནོར་གླིང་གྱེན་ལངས་ཚོགས་པའི་ཁོངས་འཛུལ་ཞུགས་གནང་སྟེ་རྒྱ་དམར་བཙན་འཛུལ་ལ་ངོ་རྒོལ་གནང།
ཕྱི་ལོ་ ༡༩༥༠ ལོར་ཆབ་མདོར་རྒྱ་མིས་བཙན་འཛུལ་ཐོག་མར་འགོ་འཛུགས་སྐབས་བོད་གཞུང་གིས་ལྷ་ཀླུ་ཚེ་དབང་རྡོ་རྗེའི་ཚབ་ཏུ་ང་ཕོད་ངག་དབང་འཇིགས་མེད་ཆབ་མདོའི་མདོ་སྤྱིར་བསྐོ་གཞག་གནང། ལྷ་ཀླུ་དགེ་བཤེས་བྱམས་པ་ཐབས་མཁས་ལགས་ཀྱི་སློབ་མ་ཡིན་པར་བརྟེན། བྱམས་པ་སྐལ་ལྡན་ལགས་ཀྱི་སྲུང་ཆའི་འོག་ལྷ་ཀླུ་ཆབ་མདོ་ནས་རྟ་ལམ་ཉིན་གྲངས་ ༡༢ ཙམ་གྱི་སར་ཡོད་པའི་ལྷོ་རྫོང་དུ་ཉེན་ཁ་གང་ཡང་མེད་པར་གདན་ཞུས་ཐུབ་པ་བྱུང།
ཕྱི་ལོ་ ༡༩༥༠ ཕྱི་ཟླ་ ༡༠ ནང་རྒྱ་དམག་ཆབ་མདོར་འཛུལ་སྐབས་ང་ཕོད་ཐོན་ཟིན་ཡོད། རྒྱ་དམག་གིས་ཆབ་མདོ་བཙན་བཟུང་བྱས་མཚམས་བོད་མི་མང་ཚོགས་ཀྱི་བསམ་བློ་འགུག་ཆེད། བོད་ནང་ཞི་བདེ་བརྟན་ལྷིང་བཟོ་རྒྱུ་དང་བོད་མི་མང་ཚོགས་ལ་ཕན་པ་བསྒྲུབ་རྒྱུ་ནི་ཁོང་ཚོའི་ཀུན་སློང་གཙོ་བོ་ཡིན་པའི་རྣམ་འགྱུར་བསྟན་པ་ནི། སྐབས་དེར་མཉམ་འབྲེལ་ཚོང་ཁང་ཟེར་བ་དང། མཉམ་འབྲེལ་གཞུང་ལམ་ཟེར་བ་སོགས་བཟོས་ཡོད། བྱམས་པ་སྐལ་ལྡན་ལགས་ཀྱིས་དེ་འདྲའི་མཉམ་འབྲེལ་ཚོང་ཁང་ཟེར་བ་ཞིག་ནང་ཕྱི་ལོ་ ༡༩༥༡ ནས་ཕྱི་ལོ་ ༡༩༥༢ བར་ཆབ་མདོ་དགོན་པའི་འཐུས་མིའི་ངོ་ཚབ་ཏུ་ཕྱག་ལས་གནང་མྱོང་ཡོད་པ་མ་ཟད། ཚོགས་གཙོ་ང་ཕོད་འོག་ལམ་བཟོ་ཚོགས་ཆུང་ཞིག་གསར་འཛུགས་བྱས་པ་ཚོགས་ཆུང་དེའི་ནང་བྱམས་པ་སྐལ་ལྡན་ལགས་ཀྱིས་ཆབ་མདོ་དགོན་པའི་སྐུ་ཚབ་འཐུས་མིའི་འགན་བཞེས་ཡོད། སྐབས་དེར་བྱམས་པ་སྐལ་ལྡན་ལགས་ཀྱིས་རྒྱ་སྐད་ཐོག་མར་སྦྱང་རྗེས་ཁོང་གི་མི་མང་འགོ་ཁྲིད་གནང་རྒྱུའི་འཇོན་ཐང་ལ་མཚན་སྙན་ཐོབ་ཡོད།

རང་གི་དགེ་བའི་བཤེས་གཉེན་སྐུ་ཚེ་མ་ཟིན་པའི་བློ་ཕམ་དང་རྒྱའི་གཡོ་སྒྱུར་སུན་སྣང་ཧ་ཅང་བསྐྱེད་མཐར་ཕྱི་ལོ་ ༡༩༥༢ ལོར་ལྷ་སར་ཕེབས། བོད་མི་ཚོས་རྒྱ་མིའི་དམག་མིར་མི་འདོད་པའི་རྣམ་འགྱུར་ཇེ་ཆེར་ཕྱིན་ནས་སྡེར་དགེར་ཕྱི་ལོ་ ༡༩༥༤ ལོར་རྒྱ་མིའི་དམག་མིར་གྱེན་ལོག་འཐབ་འཛིང་ཐོག་མ་བྱུང་རྗེས་རིམ་བཞིན། བོད་ཤར་ཕྱོགས་ས་ཁུལ་གཞན་དུ་ངོ་རྒོལ་འཐབ་འཛིང་བྱས་ཡོད། སྐབས་དེར་ལྷ་ས་ཁུལ་དུ་ཁམས་དང་ཨ་མདོ་ཕྱོགས་ནས་བོད་མི་ངོ་རྒོལ་བ་མང་དག་ཅིག་བྲོས་བྱོལ་དུ་འབྱོར་བཞིན་པའི་དུས་སྐབས་ཤིག་ཆགས་ཡོད། ཕྱི་ལོ་ ༡༩༥༦ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་ ༡༤ ཆེན་པོ་མཆོག་གིས་དུས་ཀྱི་འཁོར་ལོའི་དབང་ཆེན་ཐོག་མ་སྩོལ་སྐབས་དང་སྟབས་བསྟུན། ཨ་མདོ་དང་ཁམས་པའི་ཚོང་པ་རྣམས་ཀྱིས་མགོན་པོ་གང་ཉིད་མཆོག་ལ་རིན་ཆེན་སྣ་ཚོགས་ཀྱིས་བརྒྱན་པའི་གསེར་ཁྲི་རིན་པོ་ཆེ་འབུལ་ཆེད་ཞལ་འདེབས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་རྒྱུའི་གོ་སྐབས་བཟུང་སྟེ། རྒྱ་དམག་དང་འཐབ་འཛིང་བྱེད་མཁན་བོད་མི་ངོ་རྒོལ་བའི་འགོ་ཁྲིད་རྣམས་ཀྱིས་ལྷ་སར་གསང་བའི་ཐོག་ནས་བསྟན་སྲུང་དྭངས་བླང་དམག་གི་སྒྲིག་འཛུགས་འཛུགས་རྒྱུའི་གྲོས་འཆམ་བྱུང།

སྐབས་དེར་བྱམས་པ་སྐལ་ལྡན་ལགས་ཀྱང་ཆབ་མདོའི་སྐུ་ཚབ་ཏུ་ཆུ་བཞི་སྒང་དྲུག་ཐོག་མར་གསར་འཛུགས་གནང་མཁན་གྲས་སུ་ཡོད།
ཕྱི་ལོ་ ༡༩༥༦ ལོར་ཁོང་ཆབ་མདོར་ཕྱིར་ཕེབས་ཏེ་ཚོང་ལས་གཉེར་བ་དང་སྦྲགས། ཆབ་མདོ་དགོན་པའི་ཕྱག་ལས་གནང་ཡང་མི་རིང་བར་ཉིན་གཅིག་རྒྱ་གཞུང་གིས་ཁོང་འབོད་འགུག་བྱས་ཏེ་བྱམས་པ་སྐལ་ལྡན་ལགས་ཀྱིས་ལྷ་སའི་ནང་ཆུ་བཞི་སྒང་དྲུག་གསར་འཛུགས་བྱ་རྒྱུའི་ལས་དོན་ཇི་སྤེལ་དང། རྒྱ་གར་དུ་ཚོང་ལས་ཆེད་ཕྱོགས་བསྐྱོད་ཕེབས་པ། དེ་བཞིན་སྡེ་དགེའི་བོད་མི་འཐབ་འཛིང་པ་རྣམས་ལ་གོ་ལག་འགྲེམས་སྤེལ་བྱས་པ་སོགས་རྒྱ་གཞུང་གིས་ཤེས་ཚོར་བྱུང་ཡོད་སྐོར་གསལ་བཤད་བྱས་པ་དང་སྦྲགས། ཉིན་ཤས་ནང་ཁོང་ཁྲེན་ཏུའུར་འཁྲིད་རྒྱུའི་བརྡ་ལན་སྤྲད། གལ་ཏེ་ཁྲེན་ཏུའུར་བསླེབས་ཚེ་ཁོང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱ་རྒྱུ་ཡིན་པ་ཤེས་རྟོགས་བྱུང་བར་བརྟེན། རང་གི་ཚ་བོ་གཉིས་དང་ལྷན་ཕྱི་ལོ་ ༡༩༥༨ ཕྱི་ཟླ་ ༡༠ ནང་ལྷ་སར་བྲོས་རྒྱུའི་ཐག་གཅོད་གནང། ལྷ་སར་སྐབས་དེར་ཆོ་ཕྲུལ་སྨོན་ལམ་ཆེན་མོ་འཚོགས་བཞིན་པ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགེ་བཤེས་ཀྱི་མཚན་གནས་འབུལ་ལམ་ཞུ་བཞིན་པ་མཇལ་རྒྱུའི་གོ་སྐབས་ཐོབ། ཕྱི་ལོ་ ༡༩༥༩ ལོར་བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་ས་བཙན་འཛུལ་བྱས་པར་ཞི་རྒོལ་ཆེན་མོའི་སྐབས་བྱམས་པ་སྐལ་ལྡན་ལགས་ཀྱང་མཉམ་ཞུགས་གནང་ཡོད།

སྐབས་དེར་ནོར་བུ་གླིང་གར་ཚོགས་པ་འདྲ་མིན་གྱི་སྐུ་ཚབ་འཐུས་མི་འདུ་སྐོང་གནང་སྟེ་རྒྱ་དམག་བཙན་འཛུལ་པར་གདོང་ལེན་ཇི་ལྟར་བྱ་མིན་ཐད་བཀའ་བསྡུར་གནང་ཡོད་པར། བྱམས་པ་སྐལ་ལྡན་ལགས་ཀྱང་སྐབས་དེར་ཆབ་མདོའི་སྐུ་ཚབ་གྲས་སུ་འཐུས་མི་གནང་སྟེ་མཉམ་ཞུགས་གནང་ཡོད། ལྷན་ཚོགས་དེའི་སྐབས་གཞུང་ཞབས་རྣམ་པ་དང་ཆོལ་ཁ་གསུམ་ནས་སྐུ་ཚབ་འཐུས་མི་གསུམ་དང་། གྲྭ་བཞི་དང་སྐུ་སྲུང། རྒྱང་རྩེ་སོགས་དམག་སྒར་གསུམ་ནས་འཐུས་མི་གྲངས་གསུམ། དེ་བཞིན་སེར་འབྲས་དགའ་གསུམ་ནས་འཐུས་མི་གསུམ་བཅས་ཚང་འཛོམས་ཀྱིས་གནས་སྟངས་ཇི་ཆགས་ཡོང་རྒྱུའི་བཀའ་བསྡུར་གནང་ཡོད། ཚོགས་འདུ་དེའི་ཚོགས་གཙོ་ཚ་རོང་ཡིན་པ་དང་ཚོགས་མི་རྣམས་ཀྱིས་ལྷ་སའི་པར་ཁང་ལས་ཁུངས་ནང་འཆར་ཅན་ཚོགས་ཡོད། སྐབས་དེར་བྱམས་པ་སྐལ་ལྡན་ལགས་ཀྱིས་ཁམས་པའི་སྐུ་ཚབ་འཐུས་མིའི་གྲས་ནས་གཅིག་ཡིན་འདུག

དེ་རྗེས་རྒྱ་དམག་གིས་ནོར་བུ་གླིང་གར་འབར་རྫས་ཀྱི་རྒོལ་རྡུང་གཏོང་སྐབས་བྱམས་པ་སྐལ་ལྡན་ལགས་དང་ཆབ་མདོའི་རོགས་པ་ཁག་གཅིག་དང་ལྷན་ལྕོག་པོ་རིའི་གཤམ་གྱི་རི་རྩེ་ཞིག་ནས་གོ་མཚོན་ཐོགས་ཏེ་རྒྱ་དམག་དང་མཚན་གཉིས་ཙམ་འཐབ་འཛིང་བྱས་ནས་རྒྱ་མིའི་འབར་རྫས་དང་མེ་མདའི་གྱི་མདེའུ་ཆར་ཤུགས་ཆེ་དྲག་པར་བརྟེན་བྲོས་དགོས་ཐུག ཁོང་རྣམས་རྟ་ལ་བཞོན་ནས་ལྷ་སའི་གཙང་པོ་བརྒལ་ཏེ་བྲོས་སྐབས། རྒྱ་དམག་གིས་མེ་མདའ་བརྒྱབ་སྟེ་ཆབ་མདོ་ཡབ་ཚང་གིས་གཙོས་རོགས་པ་གང་ཙམ་དམར་གསོད་བཏང། སྐབས་དེར་བྱམས་པ་སྐལ་ལྡན་ལགས་ཀྱང་རང་གི་ཞབས་གཡས་ལ་མེ་མདའི་མདེའུ་གསུམ་ཕོག་རྗེས་བྲོས་མ་ཐུབ་པར་རྒྱ་མིས་བཟུང་ནས་ནོར་བུ་གླིང་ཁར་བཙན་ཁྲིད་བྱས། དེ་རྗེས་ཟླ་བ་གསུམ་གྱི་རིང་བྱམས་པ་སྐལ་ལྡན་ལགས་ནོར་གླིང་བཙོན་ཁང་དུ་རྒྱ་མིས་ཉེ་རྡུང་དང་མནར་གཅོད་བཏང་བ་མ་ཟད། སྔོ་ཚལ་འདེབས་ལས་བྱེད་བཅུག་པ་དང། རང་གི་ནག་ཉེས་ངོས་ལེན་བྱ་རྒྱུའི་ལྷན་ཚོགས་ཚོགས་སྐབས་ཆུ་ཚོད་མང་པོའི་རིང་ལངས་ནས་སྡོད་དགོས་པ་སོགས་དཀའ་སྡུག་ཧ་ཅང་མྱངས་ཡོད།

ཟླ་བ་གསུམ་རྗེས་ལྷ་སའི་ཤར་ངོས་བཙོན་ཁང་ཆེ་བ་ཞིག་ནང་བཙོན་པ་རྣམས་གནས་སྤོ་བྱས་ནས་རྔ་ཆེན་གློག་ཁང་གསར་བཟོའི་སྐབས་ངལ་རྩོལ་ཧ་ཅང་མྱངས་པ་མ་ཟད། དེ་རྗེས་ཟླ་བ་དགུ་ཙམ་རིང་ཉེ་འཁྲིས་སུ་རི་ཞིག་ཡོད་པ་དེའི་འགྲམ་ཆུ་མཛོད་གསར་རྒྱག་ཆེད་ས་བཀོག་རྒྱུའི་ངལ་བརྩོལ་ཧ་ཅང་མྱངས་ཡོད། རྔ་ཆེན་ཆུ་གློག་གི་ལས་གཞི་གྲུབ་ལ་ཉེ་སྐབས་བཙོན་པ་རྣམས་ལ་དམ་བསྒྲགས་ཕྲན་བུ་ལྷོད་དུ་གཏོང་སྐབས་གོ་སྐབས་ཟིན་ཏེ། པཎ་ཆེན་འོས་སྤྲུལ་རིན་པོ་ཆེ་མཆོག་དང་ལྷན་བཙོན་ཁང་ནས་བྲོས་ཕེབས།

ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་ནས་འཛིན་བཟུང་དང་དམ་བསྒྲགས་བྱས། ཕྱི་ལོ་ ༡༩༦༠ ལོར་པཎ་ཆེན་འོས་སྤྲུལ་གདན་ཞུ་དང་སྦྲགས། འབྲུག་བརྒྱུད་རྒྱ་གར་དུ་བྲོས་བྱོལ་ལ་ཕེབས། ལོ་དེར་བདེ་སྲུང་ཁོངས་མཉམ་སྦྲེལ་ཚོང་ཁང་གི་འགན་འཛིན་གནང། དེ་རྗེས་དྲིལ་བསྒྲགས་ལས་བྱེད་གནང་སྟེ་ཕྱི་ལོ་ ༡༩༦༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་དང་འབྲེལ་བའི་གལ་ཆེའི་བླང་དོར་བཀའ་སློབ་སྩལ་བ་དེ་དག་དྲིལ་བསྒྲགས་ཡོང་ཆེད། བལ་ཡུལ་དུ་ལས་རོགས་ཤིག་དང་ལྷན་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་ཟླ་བ་དྲུག་རིང་བལ་ཡུལ་མུ་སི་ཏང་གིས་གཙོ་ས་ཁུལ་འདྲ་མིན་ནས་དྲིལ་བསྒྲགས་རྒྱ་ཆེ་གནང་ཐུབ་པ་མ་ཟད།

དེ་རྗེས་མེ་གན་དུ་མི་མང་ཚོང་ཁང་གི་འགན་འཛིན་གནང་ཡོད།  ཕྱི་ལོ་ ༡༩༦༢ ལོར་དང་སློབ་དམག་སྒར་གསར་འཛུགས་སྐབས་བྱམས་པ་དབང་འདུས་ལགས་དང་མཉམ་འགན་འཛིན་དུ་བསྐོ་གཞག་གནང་བ་དང་། ཕྱི་ལོ་ ༡༩༦༥ ཟླ་ ༡ ཚེས་ ༡ ནས་ཕྱི་ལོ་ ༡༩༧༦ ཟླ་ ༧ ཚེས་ ༡༥ བར་མདའ་དཔོན་གྱི་ལས་འགན་བཞེས་རྗེས་ཕྱི་ལོ་ ༡༩༧༦ ཟླ་ ༧ ཚེས་ ༢༦ ནས་ཕྱི་ལོ་ ༡༩༨༧ ཟླ་ ༣ ཚེས་ ༡༩ བར་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེའི་ལས་འགན་བཞེས། ཕྱི་ལོ་ ༡༩༨༧ ཟླ་ ༣ ཚེས་ ༢༣ བར་དེ་མུར་ཕྱག་ལས་གནང་རྗེས་བགྲེས་ཡོལ་དུ་ཕེབས་ཡོད་པ་བཅས།།