མདུན་ཤོག » གསར་གནས། »

ནང་སྲིད་བཀའ་བློན་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་མཇལ་འཕྲད་གནང་བ།

༢༠༡༣ ཟླ་ ༣ ཚེས་ ༥ རེས་གཟའ་མིག་དམར།

༄༅། །འདི་གར་སིམ་ལ་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༨ ཉིན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་ཕེབས་འབྱོར་གྱིས་ཕྱི་ཟླ་ ༣ ཚེས་ ༡ ཉིན་གྱི་ཆུ་ཚོད་ ༡༠།༣༠ ཐོག་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་ཝིར་བྷ་དྷ་ར་སིངྒ་མཆོག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། བཀའ་བློན་མཆོག་གིས་བློན་ཆེན་མཆོག་དང་ལྷན་སིམ་ལར་ཁ་ཐོར་གནས་སྡོད་བོད་མི་རྣམས་ལ་ཡུན་རིང་ནས་འཕྲད་བཞིན་པའི་དཀའ་ངལ་དང། དེ་བཞིན་བོད་མི་རྣམས་ཀྱི་དཀའ་ངལ་གལ་ཆེ་ཁག་གི་སྐོར་སྙན་སེང་དང་བཀའ་བསྡུར་ཞུས། དེ་རྗེས་མངའ་སྡེའི་བློན་ཆེན་མཆོག་དང་ལྷན་ཚོགས་འདུ་མཇུག་སྐྱོང་ཆེད་ཁོང་གི་དྲུང་ཡིག་སྐུ་ཞབས་ཝི་སི་ཕར་ཁ་ (V.C. Pharka) ལགས་དང་མཇལ་འཕྲད་གནང། དེ་རྗེས་ཆུ་ཚོད་ ༡༢ ཐོག་ཧི་མཱ་ཅལ་མངའ་སྡེའི་འཕྲོད་བསྟེན་དང་དཔྱ་ཁྲལ་བློན་ཆེན་ཀོལ་སིངྒ་ཐ་ཀུར་ (Shri Kaul Singh Thakur) མཆོག་དང་ལྷན་མཇལ་འཕྲད་གནང། དེ་ནས་ཆུ་ཚོད་ ༢།༣༠ ཐོག་ཧི་མཱ་ཅལ་མངའ་གཞུང་གི་དྲུང་ཆེ་ལྕམ་སྐུ་སུ་ཌིབ་ཏ་ར་རོ་ཡེ་ (Sudripta Roy) ལགས་དང་མཇལ་འཕྲད་ཀྱིས་མངའ་སྡེའི་བློན་ཆེན་མཆོག་དང་ལྷན་མཇལ་འཕྲད་སྐོར་སྙན་སེང་ཞུས། ཆུ་ཚོད་ ༣།༣༠ ཧི་མཱ་ཅལ་མངའ་སྡེའི་གྲོང་ཁྱེར་དང་གྲོང་སྡེ་འཆར་འགོད་བློན་ཆེན་སྐུ་ཞབས་སུ་དྷིར་ཤར་མ་ (Sudhir Sharma) མཆོག་དང་ལྷན་མཇལ་འཕྲད་ཀྱིས་ཧི་མ་ལ་ཡའི་དུས་སྟོན་སྲུང་བརྩི་ཞུ་ཕྱོགས་ཐད་ཡར་རྒྱས་ཇི་ལྟར་གཏོང་ཐབས་ཡོད་ལུགས་སྐོར་དང། མེག་གྷན་གཞུང་ལམ་ཟུར་དུ་ཚོང་ཟོག་སྟོན་མཁན་བོད་མི་རྣམས་ཀྱི་ཆེད་ཁྲོམ་སའི་ས་ཆ་གཞན་ཞིག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་ཡོད།

དེ་བཞིན་ཧི་མཱ་ཅལ་མངའ་གཞུང་གི་ཡུལ་སྐོར་སྤྲོ་འཆམ་པའི་འཛིན་སྐྱོང་འགན་འཛིན་ལ་གྲོང་ཁྱེར་དང་གྲོང་སྡེའི་བློན་ཆེན་ལྷན་བཀའ་བསྡུར་གནང་བ་དེ་དག་ལག་བསྟར་བྱེད་ཕྱོགས་བཀའ་བསྡུར་གནང་ཡོད། ཕྱི་ཚེས་ ༢ ཉིན་བཀའ་བློན་མཆོག་གིས་རྙིང་མའི་དབུ་བླ་སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་མཇལ་ཁ་ཞུས་རྗེས་བོད་མི་འདུ་སྡོད་བྱེད་ས་རང་བཙན་ཀེམ་དང། ཇོ་ནང་རྟག་བརྟན་ཕུན་ཚོགས་གླིང་དགོན་པ། རྒན་གསོ་ཁང། དེ་བཞིན་སན་ཇོ་ལིར་ཡོད་པའི་སངས་རྒྱས་ཆོས་གླིང་ཀེམ་བཅས་སུ་གཟིགས་སྐོར་གནང་ཡོད་པ་བཅས།།