མདུན་ཤོག » གསར་གནས། »

ཀིརྟི་རིན་པོ་ཆེ་མཆོག་གིས་སུད་སིར་གནས་སྡོད་བོད་མི་རྣམས་ལ་གསུང་བཤད་གནང་བ།

༄༅། །རྔ་པ་ཀིརྟི་དགོན་པའི་དབུ་བླ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་ཡུ་རོབ་ཁུལ་བདུན་ཕྲག་གསུམ་རིང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསུང་བཤད་གནང་ཆེད་ཕེབས་ཡོད་པ་ལྟར་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡ ཉིན་སུད་སིར་ཕེབས་འབྱོར་གནང་ཡོད།
དེ་ཡང་ཕྱི་ཚེས་ ༢ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡༢ སྟེང་སུད་སིར་རྟེན་གཞི་བྱས་པའི་རི་ཀོན་ཆོས་འཁོར་དགོན་དུ་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་དམིགས་ནས་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་ཆོལ་གསུམ་ཐུན་མོང་གིས་གོ་སྒྲིག་གནང་ཡོད། སྐབས་དེར་མཆོད་འབུལ་སྨོན་ལམ་ཐོག་ཀིརྟི་རིན་པོ་ཆེ་མཆོག་གིས་སུད་སིར་གནས་སྡོད་བོད་རིགས་རྣམས་ལ་བོད་ནང་རྒྱ་གཞུང་གི་དྲག་ཆས་དམག་དཔུང་གིས་བོད་མི་རྣམས་ལ་གདུག་རྩུབ་ཚད་ལས་བརྒལ་བ་བྱས་དང་བྱེད་མུས་ཡིན་ཞེས་གསུངས་པ་དང་ཆབས་ཅིག་ཁོང་གིས་དེ་སྔ་མའོ་ཙེ་ཏུང་གིས་བཙན་གནོན་གང་དུའང་ཡོད་པ་དེར་གྱེན་ལང་ཡོང་གི་ཡོད། ཅེས་བརྗོད་པ་ལུང་འདྲེན་གནང་ཡོད།

 

ལྷག་པར་རིན་པོ་ཆེ་མཆོག་གིས་གསུང་དོན། ཕྱི་ལོ་ ༢༠༠༩ ལོའི་ཕྱི་ཟླ་ ༢ ནས་བཟུང་ད་བར་བོད་ནང་རྒྱལ་གཅེས་པ་བོད་མི་ ༡༠༧ གྱིས་རང་ལུས་མེར་སྲེག་བཏང་ཡོད་ཁོངས་ནས་ ༣༨ ཀིརྟི་དགོན་པ་དང་རྔ་པ་ཁུལ་ནས་ཡིན། བོད་ནང་གི་ཛ་དྲག་གནས་སྟངས་བྱུང་དགོས་དོན་གཙོ་བོ་ནི་རྒྱ་ནག་གཞུང་ནས་ལོ་ངོ་ ༦༠ རིང་ནས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་ཁོར་ཡུག་བཅས་པ་རྩ་མེད་དུ་གཏོང་རྒྱུའི་གདུག་རྩུབ་ཅན་གྱི་སྲིད་བྱུས་བཟུང་བར་བརྟེན་ནས་བྱུང་བ་ཞིག་རེད། དེ་བཞིན་རྒྱ་མི་རིགས་བོད་ནང་གནས་སྤོས་ཤུགས་ཆེ་བྱས་པའི་དབང་གི་བོད་མི་རྣམས་སོསོའི་ལུང་པར་གྲངས་ཉུང་མི་རིགས་སུ་གྱུར་ཏེ་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། བོད་ནང་གི་བོད་མི་རྣམས་ཀྱིས་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ལ་རེ་བ་རྒྱག་བཞིན་ཡོད་པར་བརྟེན་ང་ཚོ་ཚང་མས་སྔར་ལྷག་འགན་ཁུར་ཆེ་ཙམ་འཁྱེར་དགོས། གལ་ཏེ་ང་ཚོས་བོད་ཀྱི་ཛ་དྲག་གནས་སྟངས་ཐོག་ཁ་ཡ་མ་བྱས་ཚེ་བོད་ནང་གི་བོད་མི་རྣམས་ཀྱི་ངུ་འབོད་ལ་སུ་ཞིག་གིས་ལན་འདེབས་བྱེད་ཀྱི་རེད། ཅེས་གསུངས།
དེ་བཞིན་ཁོང་གིས་མུ་མཐུད་གསུང་དོན། ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་རྔ་པ་ཀིརྟི་དགོན་པ་དང་གྲོང་སྡེའི་ནང་རྒྱ་གཞུང་གི་དྲག་ཆས་དམག་དཔུང་འགྲེམས་འཇོག་གིས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད། ཕྱི་ལོ་ ༢༠༡༡ ཟླ་ ༤ པའི་ནང་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་ ༣༠༠ དགོན་པ་ནས་བཙན་ཕུད་བྱས་ཡོད། ཕྱི་ལོ་ ༡༩༣༥ ལོར་མའོ་ཙེ་ཏུང་གི་འགོ་ཁྲིད་པའི་དམར་དམག་གི་གོམ་པ་རིང་པོ་རྒྱང་བསྐྱོད་ཟེར་བ་རྔ་པ་ཁུལ་དུ་འགོ་འཛུགས་ཀྱིས་རྔ་པ་ཁུལ་གྱི་བོད་མི་མི་རབས་གསུམ་རྒྱའི་བཙན་གནོན་འོག་དཀའ་སྡུག་མྱངས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
གཞན་ཡང་རིན་པོ་ཆེ་མཆོག་བྷེལ་ཇམ་དང། ནེ་ཌར་ལེན་ཌི། ཕ་རན་སི། འཇར་མ་ནི། དབྱིན་ཡུལ་བཅས་སུ་ཕེབས་རྒྱུ་ཡིན་འདུག་པ་བཅས།།