མདུན་ཤོག » གསར་གནས། »

ཀིརྟི་རིན་པོ་ཆེ་མཆོག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནད་ཡོད་མི་སྣ་དང་མཇལ་འཕྲད་གནང་བ།

༢༠༡༣ ཟླ་ ༣ ཚེས་ ༥ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༤ རེས་གཟའ་ཟླ་བའི་ཕྱེད་ཡོལ་དུ་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་དབུ་བླ་བཀའ་ཟུར་ཀིརྟི་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་གིས་སུད་སི་གྲོང་ཁྱེར་ཇི་ནི་ཝར་(Geneva) ཕྱོགས་ཕེབས་གནང་སྟེ་ཁུལ་དེར་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལས་ཁུངས་སུ་བཅར་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆོས་དད་རང་དབང་སྲུང་སྐྱོབ་ཚོགས་ཆུང་གི་དམིགས་བསལ་སྐུ་ཚབ་ (UN Special Rapporteur on freedom of religion or belief) སྐུ་ཞབས་ཧེ་ནར་བྷེ་ལི་ཕིལ་ (Mr. Heiner Bielefeldt) མཆོག་དང་མཇལ་འཕྲད་གནང་ཡོད།

 

དེ་ཡང་རིན་པོ་ཆེ་མཆོག་གིས་ད་ཐེངས་ཁོང་རང་ཉིད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལས་ཁུངས་སུ་བཅར་རྒྱུའི་དགོས་འདུན་གཙོ་བོ་ནི། བོད་ནང་གི་གནས་སྟངས་སྤྱི་དང་ལྷག་པར་བོད་མི་ ༡༠༧ རང་སྲེག་བཏང་ཁོངས་ནས་མང་ཆེ་བ་འབྱུང་ས་རྔ་པ་ས་ཁུལ་གྱི་གནས་སྟངས་དང་འབྲེལ་བ་ཡོད་སྐོར་གསལ་བཤད་གནང་དོན།

 

མའོ་ཙེ་ཏུང་གི་འགོ་ཁྲིད་འོག་ཕྱི་ལོ་ ༡༩༣༦ ནས་ཕྱི་ལོ་ ༡༩༣༧ བར་དམར་དམག་རྒྱང་བསྐྱོད་ཆེན་མོའི་སྐབས་ནས་བཟུང་རྔ་པའི་ས་ཁུལ་དུ་གནས་སྡོད་བོད་མི་ཚོས་མི་རབས་གསུམ་རིང་རྒྱ་ནག་དམར་པོའི་འོག་དཀའ་སྡུག་ཧ་ཅང་མྱངས་ཡོད་པ་ནི། ཕྲན་གྱི་ཕ་མའི་སྐབས་དམར་དམག་རྒྱང་བསྐྱོད་རིང་དཀའ་སྡུག་ཧ་ཅང་མྱངས་པ་དང། ཕྲན་རང་ཉིད་ལ་མཚོན་ན་ཕྱི་ལོ་ ༡༩༥༩ ལོར་དུས་འགྱུར་བྱུང་མཚམས་དཀའ་ངལ་འཕྲད་པ་མ་ཟད། དེང་སྐབས་རྒྱལ་དར་དམར་པོའི་འོག་འཚར་ལོངས་བྱུང་བའི་བོད་མི་མི་རབས་གསུམ་པ་ཚོས་རྒྱ་དམར་བཙན་གནོན་འོག་དཀའ་སྡུག་ཧ་ཅང་མྱོང་བཞིན་ཡོད།

ཀིརྟི་དགོན་པ་ལྟ་བུར་མཚོན་ན་ཕྱི་ལོ་ ༢༠༠༨ ནས་བཙོན་ཁང་ལྟ་བུར་གྱུར་ཡོད། ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༤ ཟླ་མཇུག་ནས་བཟུང་ཀིརྟི་དགོན་པའི་དགེ་འདུན་པ་ཞལ་གྲངས་ ༣༠༠ དགོན་པ་ནས་བཙན་དབང་འོག་གནས་དབྱུང་བཏང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༨ ལོའི་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་རྔ་པའི་ཁུལ་དུ་མང་ཚོགས་ཀྱིས་རྒྱ་ནག་གཞུང་ལ་ཞི་བའི་གྱེན་ལངས་བྱས་རྐྱེན་དམག་མིས་མེ་མདའ་བརྒྱབ་སྟེ། བོད་མི་ ༢༨ དམར་གསོད་བཏང་ཡོད། དེ་ཁོངས་ནས་བོད་མི་ཆུང་ཤོས་ནི་འབྲིང་རིམ་སློབ་གྲྭར་སྐྱོད་བཞིན་པའི་བོད་མི་ལོ་ན་ ༡༦ སོན་པའི་བུད་མེད་ལྷུན་གྲུབ་མཚོ་ཆགས་ཡོད། ཅེས་གསུངས། སྐབས་དེར་བོད་ནང་དུ་བོད་མི་ཚོས་རང་ལུས་མེར་སྲེག་བཏང་བའི་ཛ་དྲག་གནས་སྟངས་ཐོག་སྐུ་ཞབས་ཧེ་ནར་བྷེ་ལི་ཕིལ་མཆོག་གིས་རིན་པོ་ཆེ་མཆོག་ལ་ཞུས་དོན། རང་ལུས་མེར་སྲེག་བཏང་བ་དེས་བོད་ནང་དུ་གནས་སྟངས་ཛ་དྲག་ཆེ་ལོས་ཇི་འདྲ་ཡིན་མིན་རྟོགས་ཐུབ།

 

དེར་བརྟེན་ངས་རྒྱ་ནག་གཞུང་གི་འབྲེལ་ཡོད་དཔོན་རིགས་ལ་ཡི་གེ་བྲིས་ཏེ་བོད་མི་ཚོས་རང་ལུས་མེར་སྲེག་བཏང་བའི་གནད་དོན་ཐོག་སེམས་འཚབ་ཡོད་སྐོར་བརྗོད་རྒྱུ་བྱུང། ཞེས་ཞུས་པ་མ་ཟད། ཁོང་གིས་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༥ རེས་གཟའ་མིག་དམར་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཆེན་ཐེངས་ ༢༢ ཚོགས་སྐབས་བོད་མིས་རང་ལུས་མེར་སྲེག་བཏང་བའི་གནད་དོན་སྐོར་གསལ་བཤད་གནང་རྒྱུ་ཡིན་སྐོར་རིན་པོ་ཆེ་མཆོག་ལ་ཞུས་ཡོད། ཕྱོགས་མཚུངས་སྐབས་དེར་སྐུ་ཞབས་ཧེ་ནར་བྷེ་ལི་ཕིལ་མཆོག་གིས་རིན་པོ་ཆེ་མཆོག་ལ་བོད་མི་ཚོས་རང་ལུས་མེར་སྲེག་ལྟ་བུའི་ལས་འགུལ་སྤེལ་དགོས་པ་རྒྱུ་མཚན་གཙོ་བོ་ཇི་ཡིན་སྐོར་བཀའ་འདྲི་ཞུས་པར། རིན་པོ་ཆེ་མཆོག་གིས་གསལ་བཤད་གནང་དོན། རྒྱ་ནག་གཞུང་གི་སྲིད་བྱུས་འོག་བོད་མིའི་རིག་གཞུང་དང་། ཆོས། མི་རིགས་དང་བཅས་པ་རྩ་མེད་འགྲོ་རྒྱུའི་གནས་སྟངས་ཆགས་ཡོད། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཀྱི་རྒྱུ་རྐྱེན་གཙོ་བོ་ནི་ལོ་ངོ་དྲུག་ཅུའི་རིང་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང། སྐད་ཡིག ཁོར་ཡུག་སོགས་ལ་གཏོར་བཤིག་དང་དམ་བསྒྲགས་ཧ་ཅང་བྱས་པ་ལས་གནས་སྟངས་འདི་འདྲ་ཆགས་ཡོད། ཕྲན་གྱིས་ད་ལྟའི་ཆར་སེམས་འཚབ་ཆེ་ཤོས་ནི་རང་ལུས་མེར་སྲེག་གཏོང་མཁན་ཚོའི་ནང་མི་སྤུན་མཆེད་ཚོའི་བདེ་འཇགས་ཐོག་སེམས་འཁྲལ་ཧ་ཅང་ཡོང་བཞིན་འདུག དེར་བརྟེན་སྐུ་ཉིད་མཆོག་གིས་བོད་མི་དེ་དག་གི་བདེ་འཇགས་ཐོག་རོགས་རམ་གནང་རོགས། ཞེས་ཕྲན་གྱིས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད།
ཐེངས་འདིར་ཀིརྟི་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་བྷེལ་ཇམ་དང་ཧོ་ལེན་ཌི། ཕ་རན་སི། ཇར་མ་ནི། ཨིང་ལན་ཌི་བཅས་སུ་ཕྱོགས་ཕེབས་གནང་རྒྱུ་ཡིན་འདུག་པ་བཅས།།