མདུན་ཤོག » གསར་གནས། »

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཏུམ་ཀུར་གཙུག་ལག་སློབ་གྲྭར་ཆིབས་སྒྱུར་བསྐྱངས་པ།

༢༠༡༣ ཟླ་ ༣ ཚེས་ ༥ རེས་གཟའ་མིག་དམར།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༤ ཉིན་བཞུགས་སྒར་རྡ་སའི་ཉེ་འཁྲིས་ག་གྷལ་ནས་མཁའ་ལམ་བརྒྱུད་ལྡི་ལི་དང་དེ་ནས་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ (Tumkur University) ཏུམ་ཀུར་གཙུག་ལག་སློབ་གཉེར་ཁང་དང་རྒྱ་གར་གྱི་མངའ་སྡེ་ (Chattisgarh) ཆ་ཏི་སི་གྷར་ནང་ཡོད་པའི་ (Kushabhau Journalism University) ཞེས་པའི་གཙུག་ལག་སློབ་གཉེར་ཁང་། རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། དེ་བཞིན་རྒྱ་གར་མངའ་སྡེ་ཨུ་ཊར་པར་ཌེ་ཤི་ནང་ཡོད་པའི་མཐོ་སློབ་བཅས་ནང་མཛད་འཕྲིན་སྐྱོང་ཆེད་གོང་ཚེས་ཉིན་བཞུགས་སྒར་ནས་ཆིབས་སྒྱུར་བསྐྱངས་ཡོད།

དེ་ཡང་ཀར་ན་ཊ་ཀ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཏུམ་ཀུར་གཙུག་ལག་སློབ་གཉེར་ཁང་དང་སེར་བྱེས་གྲྭ་ཚང་གཉིས་ཀྱིས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་ཟབ་མོ་ཐོབ་སྟེ་ཕྱི་ཚེས་ ༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་གཉེར་ཁང་དེའི་ནང་ (Contemporary Human Sufferings Wisdom of Bhagwan Buddha)༼དེང་སྐབས་འཛམ་གླིང་ནང་འགྲོ་བ་མིའིརིགས་ལ་འཕྲད་བཞིན་པའི་དཀའ་ངལ་སེལ་ཆེད་སྟོན་པ་བཅོམ་ལྡན་འདས་ཀྱི་གསུང་ནས་བསླབ་བྱ་ཇི་ལྟར་ལེན་ཚུལ།༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་། ཕྱི་ཚེས་ ༧ ཉིན་ཆ་ཏི་སི་གྷར་ནང་དེ་སྔོན་ནས་བཙུགས་པའི་གསར་འགྱུར་ལས་རིགས་དང་འབྲེལ་བའི་གཙུག་ལག་སློབ་གཉེར་ཁང་དེའི་བསླབ་པ་མཐར་སོན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག་པ་མ་ཟད།

སྐབས་དེར་མངའ་སྡེའི་སྲིད་སྐྱོང་མཆོག་གིས་དབུས་གནད་ཡོད་མི་སྣ་མང་དག་ཅིག་ཀྱང་མཉམ་ཞུགས་གནང་རྒྱུ་ཡིན་འདུག དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་(Apollo) ཨ་པོ་ལོ་སྨན་ཁང་དང་། རྒྱ་གར་གཞུང་གི་རིག་གཞུང་ཕྱི་འབྲེལ་བསྟི་གནས་ཁང་ནས་གོ་སྒྲིག་ཞུས་ཐོག་ཆོས་ལུགས་མཐུན་སྒྲིལ་སྐོར་ལ་བཀའ་སློབ་སྩལ་རྒྱུ་ཡིན་འདུག

ལྷག་པར་ལྡི་ལིར་ཡོད་པའི་ (All india medical institution) ཞེས་པའི་སྨན་ཁང་གི་མིག་གི་སྡེ་ཚན་འགོ་བཙུགས་ནས་ལོ་ངོ་ ༤༦ འཁོར་བའི་དུས་དྲན་དང་སྟབས་བསྟུན་རྒྱལ་སྤྱིའི་ཚོགས་འདུའི་དབུ་འབྱེད་ལ་ལྷན་ཞུགས་མཛད་རྒྱུ་ཡིན་འདུག
ཕྱི་ཚེས་ ༩ ཉིན་ལྡི་ལིིར་རྟེན་གཞི་བྱས་པའི་ལྡི་ལི་བོད་ཁང་དང་ (Tushita Meditation) ཊུ་ཤི་ཏ་ནང་པའི་ཆོས་ཚོགས་གཉིས་ནས་གསོལ་འདེབས་ཞུས་དོན་ལྟར་མགོན་པོ་གང་ཉིད་མཆོག་གིས་ (Buddha Jayanti Park) སྟོན་པའི་སྐྱེད་མོས་ཚལ་ནང་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་སྩལ་རྒྱུ་ཡིན་འདུག ཕྱོགས་མཚུངས་རྒྱ་གར་གྱི་ཚོང་པའི་འགན་འཛིན་ཁག་གཅིག་ལ་ཚོང་དང་ལྷན་བྱམས་བརྩེ་དང་སྤྱི་ཚོགས་ལ་ཞབས་ཞུའི་སྐོར་བཀའ་སློབ་སྩལ་རྒྱུ། དེ་བཞིན་ཕྱི་ཚེས་ ༡༡ ཨུ་ཊར་པར་ཌེ་ཤི་ནང་ཡོད་པའི་འཕྲུལ་རིག་མཐོ་སློབ་ནང་བླང་དོར་གྱི་བཀའ་སློབ་སྩལ་རྒྱུ་ཡིན་འདུག་པ་བཅས། །