མདུན་ཤོག » གསར་གནས། » པར་རིས་གནས་ཚུལ། »

བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་གྱི་ཉིན་གཉིས་པརཆོས་ལུགས་འདྲ་མིན་གྱི་སྨོན་ལམ་གསུང་འདོན་དང་། ཞི་བའི་གོམ་བགྲོད། ཆོས་ལུགས་དབུ་ཁྲིད་ཀྱིས་གསུང་བཤད་གནང་བ།

༢༠༡༣ ཟླ་ ༢ ཚེས་ ༡ རེས་གཟའ་པ་སངས།
༄༅། །འདི་གར་བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་གྱི་གསར་འགོད་ཚོགས་ཆུང་ནས་བཏང་གནས་ནང་འཁོད་དོན། བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་ཆེན་མོའི་ཉིན་གཉིས་པ་སྟེ་ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༣༡ ཉིན་སྨོན་ལམ་གསུང་འདོན་དང་། ཞི་བའི་གོམ་བགྲོད། ཆོས་ལུགས་དབུ་ཁྲིད་རྣམ་པས་གསུང་བཤད་སོགས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༠༠ ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མེས་པོ་དམ་པ་གྷན་དྷིའི་སྐུ་ཕུང་བཞུགས་ཡུལ་རཇ་གྷར་ (Raj Ghat) དུ་བོད་བརྒྱུད་ནང་བསྟན་གྱི་སྐུ་ཚབ་སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་དང་། རྒྱ་གར་དང་ཤྲི་ལང་ཀའི་ནང་པ། ཡི་ཤུ། ཁ་ཆེ། གཅེར་བུ་བ། ཧིན་དྷུ། སིཀ། བྷ་ཧེ། ཇེའུ་བཅས་ཀྱི་ཆོས་དཔོན་རྣམ་པ་དང་བོད་པའི་དགེ་འདུན་པ་ ༧༠༠ ལྷག་ལྷན་ཞུགས་ཀྱིས་སྤྱིར་འཛམ་གླིང་ཞི་བདེ་དང་། བྱེ་བྲག་ཏུ་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་ཆེད་རང་རང་གི་ལུགས་བཞིན་སྨོན་ལམ་གསུང་འདོན་གནང་མཚམས། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་སོགས་བཀའ་བློན་དང་སྤྱི་འཐུས་རྣམ་པས་སྣེ་ཁྲིད་ འོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་མང་ ༧༠༠༠ ལྷག་གིས་འཕྲེད་དར་དང་འབོད་ཚིག་སྣ་ཚོགས་བསྣམས་ཏེ་རཇ་གྷར་གྱི་ཉེ་འགྲམ་སམ་ཏ་སི་ཊལ་ (Samta Sthal) ནས་ཇན་ཏར་མན་ཏར་ (Jantar Mantar) བར་ཞི་བའི་གྲོམ་བགྲོད་གནང་ཡོད། མི་མང་རྣམས་ཇན་ཏར་མན་ཏར་དུ་འབྱོར་མཚམས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་མཛད་རིམ་སྙན་སྒྲོན་དང་བཅས། བོད་མི་མང་སྤྱི་འཐུས་ཨཱཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་ཉིན་བཞིའི་རིང་གི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་དགོས་དོན་དང་། བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས། རྒྱ་གར་གཞུང་མང་གཉིས་དང་ཆོས་སྲིད་ཀྱི་དབུ་ཁྲིད་རྣམ་པ་ལས་འགུལ་འདིའི་ནང་མཉམ་ཞུགས་གནང་དང་གནང་འཆར་ཇི་ཡོད་སྐོར་སོགས་ངོ་སྤྲོད་གནང་མཚམས།

སིཀ་ཆོས་ལུགས་ཀྱི་སློབ་དཔོན་ (Shri Sanjay Singh-Delhi Sikh Gurudwara Committee) མཆོག་དང་། ཤྲི་ལང་ཀའི་ནང་པའི་སློབ་དཔོན་ (Bante Sumit Anand – Mahabhodhi Society of India) མཆོག སུ་ཕི་སུམ་ (Sufism) གྱི་ཆོས་དཔོན་ (Farid Ahmed Nizami – Nizzami – Dargah Nizamuddin) མཆོག ཡི་ཤུའི་ཆོས་དཔོན་ (Father Dominic-Sacred Heart Cathedral,)མཆོག ཧཇ་ཆོས་ལུགས་ཀྱི་མི་སྣ་ (Tanveer Ahmed Sehar ex chairman of Central Haj Committee, India,) མཆོག བྷི་ཇེ་བྷི་ཡི་དཔོན་རིགས་ (Girish Juyal-Muslim Rashtryamanch and founder of Anjuman Parjandani Hind,) མཆོག་དང་ (Monana Soeb Kasmi-National President of Jamiad Ulema Hind.) བཅས་ནས་སྤྱིར་འཛམ་གླིང་ཞི་བདེ་ཡོང་ཐབས་དང་། བྱེ་བྲག་ཏུ་བོད་མིར་སྐྱིད་པའི་ཉི་མ་འཆར་ཐབས་བཅས་ཀྱི་ཆེད་གདུང་སེམས་མཉམ་སྐྱེད་དང་གསོལ་འདེབས་སྨོན་ལམ་གསུང་གི་ཡོད་སྐོར་སོགས་གསུང་ཏེ་ལས་འགུལ་ལ་ཚད་མཐོའི་རྒྱབ་སྐྱོར་གནང་ཡོད། ལས་འགུལ་དུ་ཞུགས་པའི་མི་མང་རྣམས་ཀྱིས་སྐབས་བསྟུན་སྐད་འབོད་དང་ཕྱི་དྲོ་ཆུ་ཚོད་ ༤།༠༠ པའི་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་བདེན་ཚིག་སྨོན་ལམ་རྟ་དབྱངས་དང་བཅས་པའི་སྣེ་ཁྲིད་དེ་འུར་འདོན་གནང་རྗེས་ཉིན་གཉིས་པའི་མཛད་སྒོ་ལེགས་པར་གྲུབ་ཡོད།

ཡང་དེ་ཉིན་ཕྱི་དྲོ་ ༣།༠༠ ནས་ ༥།༠༠ བར་བོད་ཀྱི་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་བསོད་ནམས་དང་རི་ཏུ་ས་རན་གཉིས་ཀྱི་མཐུན་འགྱུར་གོ་སྒྲིག་འོག་ལྡི་ལིའི་ཇེ་མི་ཡ་མི་ལི་ཡ་ཁ་ཆེའི་གཙུག་ལག་སློབ་གཉེར་ཁང་དུ་བོད་དོན་དང་འབྲེལ་བའི་གློག་བརྙན་དབྱངས་ལ་ཐིམ་པའི་བོད་ཅེས་པ་སྟོན་སྐབས། ལྡི་ལི་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས་བོད་ཀྱི་ད་ལྟའི་ཛ་དྲག་གནས་སྟངས་སོགས་ངོ་སྤྲོད་དང་། དྲི་བ་ཁག་ལ་ལན་འདེབས་གནང་ཡོད། །