མདུན་ཤོག » གསར་གནས། » གསར་འགོད་གསལ་བསྒྲགས། »

ཉིན་བརྒྱ་དུས་གཅིག་ཏུ་འཚོགས་རྒྱུའི་མཆོད་འབུལ་སྨོན་ལམ་གྱི་གསར་འགོད་གསལ་བསྒྲགས།

༢༠༡༣ ཟླ་ ༢ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༩ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་ངག་དབང་ཆོས་གྲགས་ལགས་ཀྱིས་ཕྱི་ཚེས་ ༢༠ རེས་གཟའ་ལྷག་པ་ཉིན་བོད་བསྟན་སྲིད་མི་རིགས་དང་། རང་དབང་གི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་འདས་གསོན་ཕོ་མོ་ཡོངས་ཀྱི་ཆེད་ཉིན་བརྒྱ་དུས་གཅིག་ལ་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་འཚོགས་རྒྱུའི་སྐོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད།

དེ་ཡང་ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་གངས་སྐྱིད་སྤྱི་ཐབ་ཡང་སྟེང་ཚོགས་ཁང་དུ་བོད་པའི་གསར་འགོད་པ་ཚོར་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེས་མཆོད་འབུལ་སྨོན་ལམ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་གནང་དོན།  རྒྱ་ནག་དམར་པོའི་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་བོད་ཡུལ་རྒྱ་ཡུལ་དུ་འགྱུར་རྒྱུའི་ཕུགས་ངན་བསམ་བྱུས་ལ་བརྟེན། བོད་མིའི་ངོ་བོའམ་རིག་གཞུང་མི་རིགས་བཅས་པ་རྩ་མེད་གཏོང་རྒྱུའི་སྲིད་བྱུས་མཁྲེགས་བཟུང་བྱེད་པར། གཞིས་བཞུགས་རང་རིགས་རྣམས་ནས་དཔའ་མཛངས་ཆེན་པོས་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་རྒྱ་ལས་མ་བརྒལ་བའི་ཐོག་ནས་རྒྱ་ནག་གཞུང་གི་སྲིད་བྱུས་དང་དབང་འཛིན་ལ་མི་འདོད་པའི་རྣམ་པ་རྔམ་སྟོན་སོགས་ཀྱི་བརྒྱུད་བསྟན་དང་སྟོན་བཞིན་པ་ནས།

ལྷག་པར་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་ཨ་མདོ་རྔ་བ་ནས་ཡིན་པ་རང་ལོ་ ༢༠ ཅན་གྱི་གྲྭ་བཀྲ་བབྷེ་ལགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་དུ་རང་ཉིད་མེར་སྲེག་བཏང་རྗེས། ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༧ བར་དུས་ཡུན་ལོ་ངོ་གསུམ་དང་། ཟླ་བ་བཅུ་གཅིག  ཉིན་གྲངས་བཅུ་བདུན་ནང་གནས་ཚུལ་ཤེས་རྟོགས་ལྟར་བོད་གངས་ཅན་ལྗོངས་སུ་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༡༠༢ ནས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་ཉིད་མེར་སྲེག་བཏང་བ་མ་ཟད་ ༨༦ ཙམ་རྐྱེན་འདས་སུ་གྱུར་ཡོད། དེས་ན་བསྟན་སྲིད་མི་རིགས་ཆེད་དུ་གཅེས་པའི་སྲོག་ཀྱང་འདོར་བའི་དཔའ་བོ་དཔའ་མོ་རྣམས་ཀྱི་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་ལྟུང་མ་ལུས་པ་བྱང་ཞིང་དག་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་མྱུར་དུ་ཐོབ་པ་དང་།

ཁོང་ཚོའི་རྗེས་བཞུགས་ནང་མི་སྤུན་ཉེ་དང་། ད་ལྟའང་བོད་ནང་བཙོན་འཇུག་མནར་གཅོད་སོགས་དཀའ་སྡུག་མི་ཟད་པ་མྱངས་དང་མྱོང་བཞིན་པའི་རང་རིགས་ཚོ་ལ་བཙན་བྱོལ་བོད་མི་རྣམས་ནས་ཀྱང་གདུང་སེམས་མཉམ་སྐྱེ་དང་སྐྱིད་སྡུག་མཉམ་མྱོང་མཚོན་བྱེད་དུ། བཙན་བྱོལ་བོད་མི་འདུ་སྡོད་ས་གནས་ཐམས་ཅད་དུ་འདི་ཟླའི་ཚེས་ ༢༠ རེས་གཟའ་ལྷག་པ་ཉིན་ཕྱི་དྲོ་ཆུ་ཚོད་ ༣་༠༠ ནས་ ༥་༠༠ བར་ཉིན་བརྒྱ་དུས་གཅིག་ཏུ་སྨོན་ལམ་མཆོད་འབུལ་རྒྱས་པ་ཞིག་འཚོགས་གནང་རྒྱུ་ཡིན། ཞེས་གསར་འགོད་གསལ་བསྒྲགས་གནང་ཡོད་པ་བཅས།།