མདུན་ཤོག » གསར་གནས། » པར་རིས་གནས་ཚུལ། »

༸གོང་ས་མཆོག་གིས་ཧི་མཱ་ཅལ་དབུས་གཙུག་ལག་སློབ་གྲྭའི་བསླབ་པ་མཐར་སོན་པའི་དགའ་སྟོན་མཛད་སྒོ་ཐེངས་དང་པོར་ཆིབས་བསྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ་བ།

༢༠༡༣ ཟླ་ ༢ ཚེས་ ༢༨ རེས་གཟའ་ཕུར་བུ།

གཙུག་ལག་སློབ་གྲྭའི་རིགས་བདག་མཆོག

༄༅། །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཧི་མཱ་ཅལ་པར་དེ་ཤིའི་དབུས་གཙུག་ལག་སློབ་གྲྭའི་ (Central University OF Himachal Pardesh) བསླབས་པ་མཐར་སོན་པའི་དགའ་སྟོན་མཛད་སྒོ་ཐེངས་དང་པོའི་སྐུ་མགྲོན་གཙོ་བོར་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུ་དོན་ལྟར། ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༨ རེས་གཟའ་ཕུར་བུའི་ཕྱེད་ཡོལ་ཆུ་ཚོད་ ༡ ཐོག་ཆིབས་སྒྱུར་བསྐྱངས་ཏེ་བླང་དོར་བཀའ་སློབ་ཟབ་རྒྱས་སྩལ་ཡོད། གཙུག་ལག་སློབ་གྲྭ་དེ་བཞིན་བཞུགས་སྒར་ནས་སྐར་མ་ ༥༠ ཙམ་གྱི་སར་ཤཱ་པུར་ (Shapur) ཞེས་པའི་གྲོང་ཁྱེར་དུ་ཆགས་ཡོད། ཕྱི་ལོ་ ༢༠༡༠ ལོར་གཙུག་ལག་སློབ་གྲྭ་ཐོག་མ་གསར་འཛུགས་རྗེས་བསླབ་པ་མཐར་སོན་གྱི་དགའ་སྟོན་མཛད་སྒོ་ཐོག་མ་དེ་བཞིན་སྲུང་བརྩི་ཞུས་ཡོད། ཐེངས་འདིར་སློབ་གྲྭ་དེའི་སློབ་མ་གྲངས་ ༡༡༥ ཙམ་ལ་བསླབ་པ་མཐར་སོན་གྱི་ཕྱག་ཁྱེར་གསོལ་རས་སྩལ་ཡོད།

དེ་ཡང་མཛད་སྒོའི་ཐོག་མར་ཚོགས་བཅར་བ་ཡོངས་ཀྱིས་རྒྱ་གར་གྱི་རྒྱལ་གླུ་དབྱངས་སུ་གྱེར། དེ་རྗེས་གཙུག་ལག་སློབ་གྲྭའི་ཉེ་བའི་རིགས་བདག་སྐུ་ཞབས་ཕུར་ཀན་ཁ་མར་ (Furqan Qamar) མཆོག་གིས་གཙུག་ལག་སློབ་གྲྭའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་ཞུས་གྲུབ་བསྟུན། ཐེངས་འདིར་བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་ཐོབ་མཁན་གྱི་སློབ་མ་སོའི་མིང་ཐོ་སྒྲོགས་སྦྱང་ཞུས། དེ་རྗེས་གཙུག་ལག་སློབ་གྲྭས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཁས་དབང་གི་ཕྱག་འཁྱེར་འབུལ་ལམ་ཞུ་ཆེད་ཐོག་མར་མགོན་པོ་གང་ཉིད་མཆོག་གི་སྐུའི་མཛད་རྣམ་སྙིང་བསྡུས་ཤིག་གཙུག་ལག་སློབ་གྲྭའི་ཉེ་བའི་རིགས་བདག་མཆོག་གིས་སྙན་སྒྲོན་ཞུས་བསྟུན། གཙུག་ལག་སློབ་གྲྭའི་རིགས་བདག་སྐུ་ཞབས་ཨ་རུན་མེ་ར་ Arun Maira མཆོག་གིས་༸གོང་ས་མཆོག་ལ་མཁས་དབང་གི་ཕྱག་འཁྱེར་(Honorary Degree) འབུལ་ལམ་ཞུས་ཡོད།

དེ་ནས་༸གོང་ས་མཆོག་གིས་མཛད་སྒོ་དང་འབྲེལ་བའི་བཀའ་སློབ་སྩལ། སྐབས་དེར་༸གོང་ས་མཆོག་གིས་བསླབ་པ་མཐར་སོན་པའི་སློབ་མ་རྣམས་ལ་དེང་དུས་ཤེས་ཡོན་ལམ་སྲོལ་དེ་བཞིན་གཙོ་བོ་ཕྱི་དངོས་པོ་དང་དཔལ་འབྱོར་ལ་དམིགས་པ་ཞིག་ཡིན་པར་བརྟེན། ལོ་ངོ་སྟོང་ནས་བརྒྱུད་པའི་རྒྱ་གར་སྲོལ་རྒྱུན་ནས་དར་བའི་ནང་བསམ་བློ་གོང་འཕེལ་གཏོང་རྒྱུའི་བསླབ་བྱ་དེ་དག་ཟུང་འབྲེལ་ཐོག་ནས་ལག་བསྟར་ཐུབ་དགོས་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར་སོགས་ཀྱི་བཀའ་སོགས་སློབ་སྩལ་རྗེས་གཙུག་ལག་སློབ་གྲྭའི་མགོན་པོ་གང་ཉིད་མཆོག་ལ་མཁས་པའི་ཕྱག་འཁྱེར་འབུལ་ལམ་ཞུས་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཐེངས་འདིའི་བསླབ་པ་མཐར་སོན་པའི་དགའ་སྟོན་མཛད་སྒོ་ལེགས་གྲུབ་བྱུང་ཡོད་པ་བཅས།།