མདུན་ཤོག » གསར་གནས། » གསར་འགོད་གསལ་བསྒྲགས། » པར་རིས་གནས་ཚུལ། »

བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཆེན་མོའི་གསར་འགོད་ལྷན་ཚོགས་སྐོང་ཚོགས་གནང་བ།

༢༠༡༣ ཟླ་ ༡ ཚེས་ ༣༠ རེས་གཟའ་ལྷག་པ།
༄༅། །འདི་གར་བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་གྱི་གསར་འགོད་ཚོགས་ཆུང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢༩ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་གར་གྱི་གསར་འགོད་པ་མཐུན་ཚོགས་ཀྱི་ཚོགས་ཁང་དུ་ (Press Club of India) བཀའ་སྤྱི་ཐུན་མོང་ནས་བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཆེན་མོ་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣ པའི་ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ཡོད་པའི་རྒྱ་གར་གསར་འགོད་མཐུན་ཚོགས་ཀྱི་ཚོགས་ཁང་དུ། བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དང། རྒྱལ་སྤྱིའི་ཐོག་ནས་ད་ལྟའི་བོད་ནང་གི་ཆེས་ཛ་དྲག་དང་ཡིད་སྐྱོ་དགོས་པའི་གནས་སྟངས་མཁྱེན་རྟོགས་དང་རྒྱབ་སྐྱོར་ཐོབ་ཆེད། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣༠ ནས་ཕྱི་ཟླ་ ༢ ཚེས་ ༢ བར་ཉིན་བཞིའི་རིང། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཆེན་མོ་སྤེལ་འཆར་དང་འབྲེལ་བའི་ངོ་སྤྲོད་ཆེད་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་ཡོད་པ་དང། སྐབས་དེར་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཉིན་བཞིའི་རིང་གི་ལས་འགུལ་གྱི་མཛད་རིམ་སྐོར་ངོ་སྤྲོད་དང་འབྲེལ་ལས་འགུལ་རིང་རྒྱ་གར་གྱི་སྲིད་བློན་གཞོན་པ་ཟུར་པ་ཨ་ཌཱ་ཝ་ནི་ (Shri L.K Advani) མཆོག་དང་། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་གཙོས་རྒྱ་གར་གྱི་ཆོས་སྲིད་ཀྱི་གལ་ཆེའི་མི་སྣའི་གསུང་བཤད་དང་། སྨོན་ལམ། རྒྱ་གར་མི་མང་གང་མང་མཉམ་ཞུགས་གིས་བོད་མིར་གདུང་སེམས་མཉམ་སྐྱེད་གནང་གི་ཡོད་སྐོར་སོགས་ངོ་སྤྲོད་གནང་།

དེ་ནས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་གནད་དོན་སྤྱི་དང་། རྒྱ་ནག་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཆེ་བའི་སྲིད་བྱུས། བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་རིམ། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས། རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་གནང་ཕྱོགས། དམིགས་བསལ་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་བོད་ནང་བོད་མི་བརྒྱ་ཕྲག་གཅིག་ལ་ཉེ་བས་རང་ལུས་མེར་སྲེག་བཏང་དགོས་པའི་རྒྱུ་རྐྱེན་སོགས་འགྲེལ་བརྗོད་ཞིབ་ཕྲ་གནང་བ་དང་ཆབས་ཅིག ད་ཐེངས་ལས་འགུལ་འདི་སྤེལ་དགོས་པའི་དམིགས་ཡུལ་དང་། རྒྱ་གར་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་གལ་ཆེའི་འབོད་སྐུལ་གསུམ་བཅས་འཁོད་པའི་གསར་འགོད་བསྒྲགས་གཏམ་ཤིག་ཀྱང་འགྲེམས་སྤེལ་གནང་ཡོད།

གསར་འགོད་ལྷན་ཚོགས་དེར་ཕྱི་ནང་གསར་འགོད་པ་གྲངས་ ༡༠༠ ལྷག་ཙམ་འདུ་འཛོམས་བྱུང་ཡོད་པ་དང། ཚང་མས་དོ་སྣང་ཆེན་པོའི་ཐོག་ནས་རྒྱ་གར་གཞུང་གིས་བོད་དོན་ཐོག་འཛིན་པའི་སྲིད་བྱུས་དང་། བོད་རྒྱ་ཞི་མོལ་གྱི་གནས་བབ།  རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་མཉམ་དཔལ་འབྱོར་གྱི་འབྲེལ་བ་བཞག་སྟངས། རྒྱལ་སྤྱིའི་ཐོག་ཏུ་ད་ལྟའི་རྒྱ་ནག་གི་གནས་བབ། རང་ལུས་མེར་སྲེག་སྐོར་ལ་རྒྱལ་སྤྱིའི་བལྟ་ཕྱོགས་སོགས་གལ་ཆེའི་དྲི་བ་ཞུས་པར་ལན་འདེབས་གནང་ཡོད།

སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་སྒྲིག་སྦྱོར་གནང་བའི་རང་ལུས་མེར་སྲེག་དང་འབྲེལ་བའི་སྐོར་སྐར་མ་ ༦ ཅན་གྱི་གློག་བརྙན་ཞིག་བསྟན་ཡོད་པ་མ་ཟད། ཕྱི་དྲིལ་ལས་ཁུངས་འགྲེམས་སྟོན་ཚན་པས་ཕ་ཡུལ་ཕྱོགས་སུ་རྒྱང་ལྟ་ཞེས་པའི་འགྲེམས་སྟོན་ཞིག་གོ་སྒྲིག་གིས། བོད་ཀྱི་ལོ་རྒྱུས་གནས་བབས་དང། རྒྱ་དམར་གཞུང་གིས་བོད་ནང་དུ་དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་སྤེལ་བའི་སྐོར། ལྷག་དོན་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་བོད་ནང་དུ་རང་ལུས་མེར་སྲེག་སྔ་རྗེས་བཏང་བའི་གནས་ཚུལ་སོགས་གསལ་བའི་འགྲེམས་སྟོན་ཞིག་ཀྱང་གོ་སྒྲིག་གནང་ཡོད་པ་བཅས། །