མདུན་ཤོག » གསར་གནས། » པར་རིས་གནས་ཚུལ། »

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་འདོན་སྤེལ་གནང་བའི་རྒྱབ་ཤ་དཀར་པོའི་དཔེ་དེབ་སྲིད་སྐྱོང་མཆོག་གིས་དབུ་འབྱེད་གནང་བ།

༢༠༡༣ ཟླ་ ༡ ཚེས་ ༢༨ རེས་གཟའ་ཟླ༌བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡།༣༠ པའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་བོད་ཀྱི་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་དང་འགན་འཛིན་གཞོན་པ་བློ་བཟང་ལགས། དེ་བཞིན་གསར་འགོད་པ་སོགས་ཁྱོན་མི་གྲངས་ ༣༠ བརྒལ་བ་བཀའ་ཤག་གི་ཚོགས་ཁང་ནང་ལྷན་འཛོམས་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་དབྱིན་ཡིག་ཐོག་འདོན་སྤེལ་གནང་བའི་རྒྱབ་ཤ་དཀར་པོའི་དེབ་ཐོག་མ་༼བོད་མེ་ལ་སྲེག་དོན་ཅི།༽ཞེས་པ་དེ་བཞིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུ་འབྱེད་གནང་ཡོད།

དེ་ཡང་ཐོག་མར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་མཛད་སྒོ་ངོ་སྤྲོད་ཀྱི་གསུང་བཤད་གནང་དོན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་འདོན་སྤེལ་བྱས་པའི་དེབ་ཐོག་མ་༼བོད་མེ་ལ་སྲེག་དོན་ཅི།༽ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་འདི་དེ་རིང་རེས་གཟའ་ཟླ་བའི་ཕྱི་ཚེས་ ༢༨ སྔ་དྲོ་ཕྱག་ཚོད་ ༡༡ ཐོག་བཀའ་ཤག་གི་ཚོགས་ཁང་དུ་དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གིས་དབུ་འབྱེད་དང་བཀའ་སློབ་ལམ་སྟོན་ཞུས་ཡོད།

ཐེངས་འདིའི་རྒྱབ་ཤ་དཀར་པོའི་དེབ་འདིའི་ནང་དོན་གཙོ་བོ་ད་ལྟ་བོད་ནང་ཆེས་ཛ་དྲག་གི་གནས་སྟངས་འོག་གནས་ཡོད་པ་དེའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་ཡོད་པ་འགྲེལ་བརྗོད་བྱས་ཡོད། ཕྱི་ལོ་ ༢༠༠༩ ནས་བཟུང་ད་ལྟའི་བར་བོད་ཀྱི་ས་ཁུལ་ཁྱོན་ཡོངས་ལ་བོད་མི་ ༡༠༠ མ་ཟིན་ཙམ་གྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་ཤོས་དེ་བསྟན་ཡོད།

དབུས་བོད་མིའི་སྒྲིག་འཛུགས་ངོས་ནས་བོད་མི་རྣམས་ལ་ཉེན་ཚབས་ཆེ་བའི་ལས་འགུལ་རིགས་མ་སྤེལ་བའི་འབོད་བསྐུལ་སྔ་རྗེས་བར་གསུམ་ལ་ཞུས་དང་ཞུ་མུས་ཡིན་ནའང། རྒྱ་ནག་གིས་བོད་ཐོག་བཟུང་བའི་ཆེས་མཁྲེགས་འཛིན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་དེས་རྐྱེན་པས། བོད་ནང་རང་སྲེག་གི་གནས་ཚུལ་རིགས་སྔར་ལས་ཀྱང་ད་དུང་ཤུགས་ཆེ་རུ་ཕྱིན་ཏེ། ད་ལྟའི་ཆར་ཆེས་ཛ་དྲག་གི་གནས་སྟངས་ཤིག་ཆགས་ཡོད་པ་ཚང་མས་མཁྱེན་གསལ་རེད།

རང་ལུས་མེར་སྲེག་གཏོང་མཁན་མང་དག་ཅིག་གིས་མ་གྲོས་སེམས་པ་གཅིག་མཐུན་གྱིས་སྒོ་ནས་༸རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་པའི་འབོད་སྒྲ་ནི་སྐད་གཅིག་མགྲིན་གཅིག་ཡིན་པ་རྒྱལ་སྤྱིའི་ནང་ཡོངས་གྲགས་ཆགསས་ཡོད།   འོན་ཀྱང། བོད་མི་ཚོས་ཆེས་འུ་ཐུག་ཐབས་ཟད་ཀྱི་ངོ་རྒོལ་ལས་འགུལ་འདི་འདྲ་སྤེལ་དགོས་དོན་གཙོ་བོ་ནི། འདས་པའི་མི་ལོ་ ༦༠ ལྷག་གི་རིང་རྒྱ་ནག་གིས་བོད་ཐོག་བཟུང་བའི་ཆེས་ནོར་འཁྲུལ་ཅན་སྲིད་བྱུས་དེ་དག་ལ་ཐུག་ཡོད་པ་དང། མདོར་བསྡུས་ན་རྒྱ་ནག་གིས་བོད་ནང་སྤེལ་བའི་ཆབ་སྲིད་ཀྱི་བཙན་གནོན་དང་། རིག་གཞུང་རྩ་གཏོར། སྤྱི་ཚོགས་དབྱེ་འབྱེད། དཔལ་འབྱོར་བཤུ་གཞོག ཁོར་ཡུག་གཏོར་བཤིག་བཅས་ལ་ཐུག་བསྡད་ཡོད། ཅེས་གསུང་བཤད་གནང་།

དེ་ནས་སྲིད་སྐྱོང་མཆོག་གིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་དབྱིན་ཡིག་ཐོག་འདོན་སྤེལ་གནང་བའི་དཔེ་དེབ་ཐོག་མ༼བོད་མེ་ལ་སྲེག་དོན་ཅི།༽ཞེས་པ་དབུ་འབྱེད་གནང་བ་དང་ཆབས་ཅིག་གསུང་བཤད་གནང་དོན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་དང་ལས་རོགས་རྣམ་པ་དང་། གསར་འགོད་པ་རྣམ་པ་ཚང་མར་ཞུ་རྒྱུར། ད་ལྟ་གོང་དུ་ཉམས་ཞིབ་ཁང་གི་འགན་འཛིན་གྱིས་གསུངས་པ་ལྟར། དཔེ་དེབ་དང་པོ་༼བོད་མེ་ལ་སྲེག་དོན་ཅི།༽ཞེས་པའི་གནད་དོན་ཞིབ་ཕྲ་གསལ་བཤད་གནང་སོང། འདས་པའི་ལོ་གཉིས་ཙམ་ནང་བལྟས་ན། བོད་ནང་རང་ལུས་མེར་སྲེག་གཏོང་མཁན་མང་དུ་འགྲོ་སྐབས། རྒྱ་ནག་གཞུང་ནས་ཧམ་བཤད་བྱས་ཏེ་རང་ལུས་མེར་སྲེག་གཏོང་དགོས་དོན་ནི། ཕྱི་ཕྱོགས་སུ་ཡོད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་བོད་མི་ཚོས་བྱེད་ཀྱི་ཡོད་པ་རེད། ཁ་མཆུ་དང་མ་སོང་ང་ཚོར་འཛུགས་རྒྱུར་འབད་བརྩོན་བྱས་དང་བྱེད་མུས་རེད།

འོན་ཀྱང་ཉེ་ཆར་བོད་མིར་བདེན་པ་ཡོད་པ་དེ་གང་ཙམ་ཞིག་གསལ་པོ་ཆགས་ཀྱི་ཡོད། དཔེར་ན། རྒྱལ་ཁབ་ཁག་ནང་གྲོས་ཆོད་བཞག་ཐུབ་པ་དང་། དེའི་ནང་ནས་དམིགས་བསལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་རྒྱལ་ཁབ་ཁག་གིས་ཕྱི་སྲིད་ལས་ཁུངས་དང་གྲོས་ཚོགས་འཐུས་མི་སོགས་ཀྱིས་བོད་ནང་བོད་མིས་རང་ལུས་མེར་སྲེག་གཏོང་དགོས་དོན་ནི། རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་དྲག་པོའི་སྲིད་བྱུས་དེར་ཐུག་འདུག་ཅེས་གསུངས་ཡོད། དེར་བརྟེན་བདེན་པ་ང་ཚོར་ཡོད་པ་ཧ་ཅང་གསལ་པོ་ཆགས་ཡོད། འོན་ཀྱང་ཉེ་ཆར་རྒྱ་ནག་གཞུང་ནས་བརྙན་འཕྲིན་བརྒྱུད་ནས་དངོས་སུ་དོན་ཏེ་ཡུ་རོབ་ཀྱི་རྒྱ་ནག་གཞུང་ཚབ་པ་དང་རྩོམ་པ་པོ་དེ་དག་གིས་རྒྱ་ནག་གི་ཚགས་པར་ཞིག་ནང་འཛམ་གླིང་ནང་གི་གནད་ཡོད་མི་སྣ་གདན་འདྲེན་ཞུས་པ་དང་གསར་འགྱུར་བརྒྱུད་ལམ་ཁག་ནང་གསར་འགོད་གསལ་བསྒྲགས་བརྒྱ་ཕྲག་སྤེལ་ཡོད།   སྐྱོན་དང་ཁ་མཆུ་དེ་དག་ང་ཚོའི་ཐོག་ལ་གཡོག་ཐབས་ཀྱི་འབད་བརྩོན་བྱེད་ཀྱི་ཡོད།

རྒྱ་ནག་གཞུང་གི་སྐུ་ཚབ་དངོས་སུ་དོན་ཏེ་ཉེ་ཆར་ཡུ་རོབ་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ནང་སྐྱོན་འཛུགས་བྱས་པ་དེར་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་མཆོག་གིས་བརྡ་ལན་གསལ་པོ་སྤྲད་ཡོད། ད་དུང་ཡིན་རུང་ཁོ་པ་ཚོས་ཧམ་བཤད་བྱ་རྒྱུའི་འབད་བརྩོན་ཤུགས་ཆེ་རུ་གཏོང་གི་ཡོད་པ་གསལ་པོ་རེད་འདུག བོད་མི་སྒྲིག་འཛུགས་དང་བོད་མི་མང་དག་ཅིག་གིས་དང་དུ་བླངས་ཏེ་དྲ་རྒྱ་བརྒྱུད་རྩོམ་བྲིས་ཏེ་ང་ཚོར་བདེན་པ་ཡོད་པ་མ་ཟད། བོད་ནང་རང་ལུས་མེར་སྲེག་གཏོང་དགོས་དོན། རྒྱ་ནག་གཞུང་གི་མཁྲེགས་འཛིན་ཅན་གྱི་སྲིད་བྱུས་ཁོ་ནར་བརྟེན་ནས་བྱུང་བ་རེད། ཅེས་ང་ཚོས་མུ་མཐུད་ནས་བརྗོད་བཞིན་ཡོད། བོད་མདོ་སྨད་རྩོམ་པ་པོའི་ཚོགས་པ་དང་དྲིལ་བསྒྲགས་ལས་ཁུངས་ནས་རང་ལུས་མེར་སྲེག་སྐོར་ལ་དེབ་བཏོན་ཡོད།

དེ་བཞིན་རྒྱ་རིགས་རྩོམ་པ་པོས་ཀྱང་རྒྱ་ཡིག་ཐོག་དེབ་ཆུང་དང་རྩོམ་བཏོན་པ་དེ་འདྲ་བྱུང་ཡོད། རྒྱལ་སྤྱིའི་སྡིངས་ཆའི་ཐོག་ནས་དབྱིན་སྐད་ཐོག་འབད་བརྩོན་ཤུགས་ཆེ་བྱེད་ཀྱི་ཡོད་སྟབས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་འདོན་སྤེལ་བྱས་པའི་དཔེ་དེབ་ཐོག་མ༼བོད་མེ་ལ་སྲེག་དོན་ཅི།༽ཞེས་པའི་དེབ་འདི་གང་ཐུབ་ཁྱབ་ཐབས་བྱས་ཏེ་བདེན་པ་ང་ཚོར་ཡོད་པ་ཁུངས་སྐྱེལ་བྱ་རྒྱུ་དེ་ཡིན། དེབ་འདིའི་ནང་བོད་ནང་མཁྲེགས་བཟུང་གི་སྲིད་བྱུས་འོག་ཆབ་སྲིད་ཀྱི་དམ་བསྒྲགས་ཡོད་པ་མ་ཟད། མི་རིགས་དང་དཔལ་འབྱོར་དབྱེ་འབྱེད། དེ་བཞིན་ཆོས་དད་རང་དབང་མེད་པ། ཁོར་ཡུག་གཏོར་བཤིག རིག་གཞུང་རྩ་མེད་གཏོང་རྒྱུ་དེ་དག་གཏོང་གི་འདུག་ཅེས་ང་ཚོས་བརྗོད་བཞིན་ཡོད།

ད་རེས་ཀྱི་དཔེ་དེབ་འདི་བརྒྱུད་ནས་རྒྱུ་མཚན་དང་ཁུངས་བཙན་ཡོད་པ་ཞིག་གསར་འགྱུར་བརྒྱུད་ལམ་ཁག་ཁོ་ན་མིན་པར་སྤྱི་ཡོངས་ཀྱི་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གི་དབྱིན་སྐད་ཐོག་ལ་མཁས་པ་མང་པོ་ཡོད་པ་ཁོང་ཚོས་གཟིགས་སྐབས། རྒྱ་ནག་གཞུང་གི་སྲིད་བྱུས་ཕྱི་ལོ་ ༡༩༥༡ ནས་དུས་ད་ལྟ་བར་དུ་བལྟས་ན། དངོས་གནས་རྒྱ་ནག་གཞུང་གི་སྲིད་བྱུས་ནོར་འདུག རྒྱུ་མཚན་དེ་དག་ལ་བརྟེན་ནས་བོད་ནང་ཡོད་པའི་བོད་མི་ཚོར་གཏམ་བརྗོད་སོགས་རང་དབང་མེད་པར་བརྟེན། བོད་ནང་ཡོད་པའི་བོད་མི་ཚོས་ངོ་རྒོལ་གྱི་རྣམ་པ་འདྲ་མིན་ཐོན་པ་རྣམས་ཁག་མི་འདུག་བསམས་པ་ལྟ་བུ་དང་། བདེན་པ་ཡོད་པ་དེར་རྒྱབ་སྐྱོར་བྱེད་དགོས་ཀྱི་འདུག་བསམས་པའི་ང་ཚོར་ཁུངས་ལྡན་གྱི་རྒྱུ་མཚན་དྲངས་པའི་ཐོག་ནས་དཔེ་དེབ་འདི་འགྲེམས་སྤེལ་གནང་བ་རེད།

དཔེ་དེབ་འདིའི་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་འགན་འཛིན་གྱིས་གཙོས་ལས་བྱེད་རྣམ་པས་ཧ་ཅང་སྐུ་ལས་བསྐྱོན་པར་བསྔགས་བརྗོད་ཞུས་པ་དང་ཆབས་ཅིག་དེབ་འདིས་བོད་ཀྱི་རྩ་དོན་བདེན་དོན་ཡིན་པའི་ཁུངས་སྐྱེལ་ཡོང་རྒྱུར་ཏན་ཏན་ཕན་ཐོགས་ཡོང་གི་རེད་བསམས་པའི་རེ་བ་དང་ཡིད་ཆེས་ཡོད། ཐུགས་རྗེ་ཆེ་ཞེས་གསུང་གནང་གྲུབ་མཚམས་སྲིད་བྱུས་ཉམས་ཞིབ་ཁང་གི་ཟུང་དྲུང་་དོན་གྲུབ་རྒྱལ་པོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ་ཡོད་པ་བཅས། །