ཟླ་བ་ ༡༡ ཚེས ༢༦ ༢༠༡༢
   Posted in གསར་གནས།
Published By b

༢༠༡༢ ཟླ་ ༡༡ ཚེས་ ༢༦ རེས་གཟའ་ཟླ་བ།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༥ ཉིན་༸གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེའི་གྲོང་ཁྱེར་ཀོ་ཆིའི་ནང་ Kochi ཆིབས་སྒྱུར་བསྐྱངས་སྐབས་ཡེ་ཤུའི་ལྷ་ཁང་ནང་གནས་གཟིགས་མཛད་པ་མ་ཟད། ཁུལ་དེར་རྟེན་གཞི་བྱས་པའི་ཨིན་ཌི་ཡ་ཝི་ཤན་བརྙན་འཕྲིན་ Indiavision News བརྒྱུད་ལམ་ཁང་གི་གསར་འགོད་པའི་དྲི་བར་བཀའ་ལན་སྩལ་ཡོད། སྐབས་དེར་༸གོང་ས་མཆོག་གིས་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་རྗེས་རྒྱ་གཞུང་གིས་བོད་ནང་དམ་བསྒྲགས་ཧ་ཅང་ཤུགས་ཆེ་རུ་བཏང་བར་བརྟེན་དེང་སྐབས་བོད་མི་རྣམས་ཀྱིས་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་སྤེལ་དགོས་པའི་ཛ་དྲག་གི་གནས་སྟངས་ཆགས་ཡོད་པ་དང། རྒྱ་ནག་ནི་འཛམ་གླིང་ནང་མི་འབོར་མང་ཤོས་ཡིན་པ་དང། དཔལ་འབྱོར་དང་དམག་དོན་གང་གི་ཆ་ནས་སྟོབས་ཆེན་རྒྱལ་ཁབ་ཅིག་ཆགས་ཡོད། འོན་ཀྱང་གལ་ཏེ་འཛམ་གླིང་ནང་བཟང་སྤྱོད་ཀྱི་ནུས་ཤུགས་འདོན་དགོས་ན་འཛམ་གླིང་མི་མང་ཚོས་རྒྱ་ནག་ལ་ཡིད་ཆེས་བསླེབས་ཐུབ་པ་ཞིག་བཟོ་དགོས། འཛམ་གླིང་ནང་དེང་སྐབས་མང་གཙོ་དང་རང་དབང། ཁྲིམས་ལུགས་དབང་འཛིན་གྱི་ཕྱོགས་སུ་འགྱུར་བ་འགྲོ་བཞིན་ཡོད་པ་དེ་ལས་འྡོག་སྟེ་རྒྱ་ནག་ཕྱིར་ཤིག་རྒྱག་རྒྱུ་དེ་འདྲ་ནི་རྩ་བ་ནས་བྱེད་ཐབས་མེད་པ་དང། དེར་བརྟེན་རྒྱ་ནག་གིས་ཀྱང་འཛམ་གླིང་སྤྱི་དང་མཚུངས་པར་འགྱུར་བ་གཏོང་དགོས་པ་ཆགས་ཡོད། ཅེས་བཀའ་ལན་སྩལ་བ་མ་ཟད། དེང་སྐབས་རྒྱལ་སྤྱིས་བོད་དོན་ཐོག་རྒྱབ་སྐྱོར་གནང་ཕྱོགས་ལ་མགོན་པོ་གང་ཉིད་མཆོག་ཐུགས་བློ་འཚིམ་བཞིན་ཡོད་པ་དང། བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་ལས་སླ་པོ་ཞིག་མིན་ནའང་རྒྱ་གར་གཞུང་དམངས་གཉིས་ཀྱིས་ད་བར་བོད་མི་ཚོར་རོགས་རམ་ཧ་ཅང་ཆེན་པོ་གནང་ཡོད་སྐོར་བཀའ་ལན་སྩལ།
ཉིན་གུང་ལྗགས་སྨིན་གྲུབ་བསྟུན། ༸གོང་ས་མཆོག་གིས་ཁུལ་དེར་རྟེན་གཞི་བྱས་པའི་ཡི་ཤུའི་ལྷ་ཁང་ Malankara Orthodox Syrian Church ཞིག་ཡོད་པ་དེ་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་ཆེད་ཆིབས་སྒྱུར་བསྐྱངས། དེ་ཡང་༸གོང་ས་མཆོག་ས་གནས་དེར་༸ཞབས་སོར་འཁོད་མཚམས་ནམ་མཁར་ཐད་འཕུར་གནམ་གྲུ་ལྡིང་ཞིང་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུ་ཞུ་ཆེད་མེ་ཏོག་གཏོར་ཏེ་མང་ཚོགས་འབུམ་གཅིག་ཙམ་གྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། སྐབས་དེར་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨབ་དུལ་ཀ་ལམ་ Dr Abdul Kalam མཆོག་དང་ཀེ་ར་ལ་མངའ་སྡེའི་བློན་ཆེན་སྐུ་ཞབས་ཨོ་མན་ཅན་དི་ Oommen Chandy མཆོག་ཀྱང་ལྷན་ཞུགས་གནང་ཡོད་པ་བཅས།།

Share with your friends










Submit