མདུན་ཤོག » གསར་གནས། » གསུང་འཕྲིན་ཁག » པར་རིས་གནས་ཚུལ། » བཀའ་ཤག » མང་གཙོའི་དུས་དྲན། »

བཙན་བྱོལ་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༥༢ པའི་ཐོག་སྤེལ་བའི་བཀའ་ཤག་གི་གཏམ་བཤད།

༢༠༡༢ ཟླ་ ༩ ཚེས་ ༢ རེས་གཟའ་ཉི་མ།


༄༅། །བོད་མིའི་མང་གཙོ་དབུ་བརྙེས་ཏེ་ལོ་ ༥༢ འཁོར་བའི་དུས་ཆེན་གྱི་ཉིན་མོ་འདིར་ཕྲན་གྱིས་བཀའ་ཤག་དང་རང་ངོས་ནས་ྋསྤྱི་ནོར་གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་བའི་སྒོ་ནས་གཞིས་བྱེས་བོད་མི་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་ཡིན།   དེ་རིང་ནི་བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་དགའ་སྤོབས་བྱེད་དགོས་པའི་ཉིན་མོ་ཞིག་ཡིན། ྋསྤྱི་ནོར་གོང་ས་ྋསྐྱབས་མགོན་ཆེན་པོའི་ཡང་དག་པའི་དབུ་འཁྲིད་ལམ་སྟོན་ལ་བརྟེན་ནས་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ཆ་ལག་ཡོངས་སུ་རྫོགས་པ་བཙུགས་ཐུབ་པ་བྱུང་ཡོད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་རས་སྩལ་བའི་མང་གཙོའི་ལེགས་སྐྱེས་འདི་བོད་མི་རྣམས་ཀྱིས་ལོ་ཆིག་སྟོང་སུམ་བརྒྱ་ལྷག་རིང་དམ་ཆོས་ཉམས་ལེན་གནང་བ་དང་འདྲ་བར་གཅེས་འཛིན་གནང་བའི་ཡིད་ཆེས་ཡོད། དམ་པའི་ལྷ་ཆོས་ཀྱིས་སྡུག་ཀུན་ཉེ་བར་ཞི་བའི་ལམ་མཆོག་སྟོན་པ་ལྟར། མང་གཙོའི་ལམ་ལུགས་ཀྱིས་བོད་མི་ཚོར་རྒྱ་གཞུང་གི་གཉའ་གནོན་ནས་རང་དབང་གི་ལམ་བཟང་རྙེད་ཐུབ་ངེས་རེད།

ནང་ཆོས་དང་མང་གཙོའི་ལམ་ལུགས་གཉིས་མཉམ་གནས་བྱེད་ཐུབ་པ་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ཀྱིས་གསལ་སྟོན་བྱས་ཡོད་པ་མ་ཟད། ཧིན་དྷུ་དང༌། འཇིའུ། ཡི་ཤུ། ཤིན་ཏའུ་སོགས་འཛམ་གླིང་གི་ཆོས་ལུགས་ཆེན་པོ་མང་ཆེ་བ་དང་མཉམ་མཐུན་གནས་ཐུབ་པ་རྒྱལ་ཁབ་མང་པོའི་ནང་མཐོང་ཆོས་སུ་ཡོད། ཨ་རབ་གསར་བརྗེས་ཁ་ཆེའི་ཆོས་ལུགས་དང་མང་གཙོའི་ལམ་ལུགས་དབར་འགལ་ཟླ་མེད་པ་བསྒྲུབས་ཡོད། རྒྱ་ནག་གི་གདོད་མའི་ཆོས་ལུགས་ཀོན་ཕུ་ཤོས་ཀྱི་སྤྱི་ཚོགས་ནང་མང་གཙོའི་ལམ་ལུགས་ལག་བསྟར་ཐུབ་མིན་དེ་དྲི་བ་ཞིག་ཡིན་ཀྱང༌། ཐའེ་ཝེན་དང་ལྷོ་ཀོ་རི་ཡའི་ནང་མང་གཙོའི་ལམ་ལུགས་དར་ཁྱབ་ཤུགས་ཆེ་འགྲོ་བཞིན་པར་གཞིགས་ན་ཀོན་ཕུ་ཤོས་དང་མང་གཙོའི་ལམ་ལུགས་དབར་ཡང་འགལ་ཟླ་མེད་པ་གསལ་པོ་རེད། དེར་བརྟེན་མང་གཙོའི་ཁེ་དབང་ནི་རིག་གནས་དང་དཔལ་འབྱོར་དབུལ་ཕྱུག་གི་དབྱེ་བ་མེད་པར་ཀུན་ལ་ཁྱབ་པ་ཞིག་ཡིན།

ཕྱི་ལོ་ ༡༩༥༠ ལོར་བོད་ཀྱི་གནས་སྟངས་ཛ་དྲག་ཇེ་ཆེར་གྱུར་སྟབས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བཅུ་དྲུག་ཕེབས་སྐབས་གངས་ལྗོངས་ལྷ་མི་ཡོངས་ཀྱིས་གསོལ་བ་བཏབ་པ་ལྟར་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཡོད། ཕྱི་ལོ་ ༡༩༥༤ ལོར་ལེགས་བཅོས་ལས་ཁུངས་གསར་འཛུགས་ཀྱིས་ཞིང་པ་སྐྱོ་བོ་དང་ཉམ་ཐག་ཚོར་ཁྲལ་ཆག་ཡོང་ཐབས་གཙོ་འདོན་གནང༌། ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་དང༌། ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་བཅས་སོ་སོར་ཆིབས་བསྒྱུར་བསྐྱངས་སྐབས་རྒྱ་གར་གྱི་གྲོས་ཚོགས་ནང་འཐུས་མི་ཚོས་ཕན་ཚུན་འཛེམས་ཟོན་མེད་པར་བགྲོ་གླེང་གནང་བ་དག་གཟིགས་སྐབས་དམིགས་བསལ་ཐུགས་སྣང་གིས་མང་གཙོའི་ལམ་ལུགས་ལ་སྔར་བས་ཀྱང་ཐུགས་བསྐྱེད་ཆེན་པོ་བྱུང༌།

ཕྱི་ལོ་ ༡༩༥༩ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ྋཞབས་སོར་འཁོད་མ་ཐག་སྤྱི་འཐུས་ལྷན་ཚོགས་འཛུགས་རྒྱུའི་གསལ་བསྒྲགས་དང༌། ཕྱི་ལོ་ ༡༩༦༠ ལོའི་དེ་རིང་གི་ཉིན་མོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དངོས་སུ་དབུ་བརྙེས་ཐུབ་པ་བྱུང༌། ཕྱི་ལོ་ ༡༩༦༣ ལོར་རྩ་ཁྲིམས་གཏན་འབེབས་གནང་བའི་ནང་ྋགོང་ས་མཆོག་གི་སྐུ་དབང་ཕྱིར་བསྡུ་གནང་རྒྱུའི་ཆ་རྐྱེན་འཇོག་གནང་མཛད། དེ་བཞིན་ཕྱི་ལོ་ ༡༩༦༣ ལོར་བུད་མེད་སྤྱི་འཐུས་དང༌། ཕྱི་ལོ་ ༡༩༧༧ ལོར་བོན་པོའི་སྤྱི་འཐུས་འདེམས་འགོ་ཚུགས།

ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་ཀྱིས་བཀའ་བློན་རྣམས་གྲོས་ཚོགས་ཀྱིས་འོས་འདེམས་བྱེད་རྒྱུའི་ལམ་སྲོལ་གཏོད་པ་གནང༌། ཕྱི་ལོ་ ༡༩༩༢ ལོར་ཆེས་མཐོའི་ཁྲིམས་ཞིབ་ཁང་གསར་འཛུགས་ཀྱིས་མང་གཙོའི་ཀ་བ་གསུམ་གྱི་ཆ་ལག་རྫོགས་པར་མཛད། ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱེད་རྒྱུའི་ལམ་སྲོལ་གཏོད། དེ་བཞིན་བོད་རྒྱ་ཆེའི་མང་ཚོགས་ནས་གདུང་ཤུགས་དྲག་པོས་ཆབ་སྲིད་ཀྱི་སྐུ་དབང་ཕྱིར་བཤོལ་མ་གནང་བའི་གསོལ་འདེབས་ཞུས་རུང་སྔ་ལོ་ཕྱི་ཟླ་ ༣ པའི་ནང་མི་མང་གིས་འོས་འདེམས་བྱེད་པའི་འགོ་འཁྲིད་ལ་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་རྒྱུའི་གསལ་བསྒྲགས་དང༌། ཕྱི་ཟླ་ ༨ ཚེས་ ༨ ཉིན་རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན། ཞེས་བརྗོད་པའི་འདོད་དོན་དངོས་སུ་གྲུབ་ཐུབ་པ་བྱུང་ཞེས་བཀའ་གསལ་ཕེབས་ཡོད།

མདོར་ན་མང་ཚོགས་ཀྱི་བསམ་བློའི་གནས་ཚད་སྨིན་མིན་ལ་མ་ལྟོས་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཉིད་ནས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པ་གནང་བའི་མཛད་རྗེས་ལ་འཛམ་གླིང་དབུ་འཁྲིད་མང་པོས་ལེགས་སོའི་བསྔགས་བརྗོད་ཞུས་ཡོད། འདས་པའི་ལོ་དྲུག་ཅུའི་རིང་ྋསྤྱི་ནོར་གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང༌། བླ་ན་མེད་པའི་དབུ་འཁྲིད་དང་ལམ་སྟོན་གནང་བ་བཅས་ཕྱོགས་གང་ནས་བལྟས་ཀྱང་མགོན་པོ་གང་ཉིད་ནི་མཐའ་གཅིག་ཏུ་མང་གཙོའི་ལམ་ལུགས་ལ་ཐུགས་མོས་ཉམས་བཞེས་གནང་མཁན་ཞིག་ཡིན་པ་ས་རིས་ཐང་གསལ་ཡིན་སྟབས། མི་རབས་ནས་མི་རབས་བར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་རླབས་ཆེའི་མཛད་རྗེས་ཀྱི་བཀའ་དྲིན་སྙིང་བཅང་ཞུ་ངེས་ཡིན།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བོད་འབངས་ཡོངས་ནས་བཀའ་དྲིན་རྗེས་དྲན་ཞུ་ཆེད་དང༌། མགོན་པོ་གང་ཉིད་སྐུ་ཚེ་ྋཞབས་པད་ཡུན་དུ་བརྟན་ཅིང་ཐུགས་བཞེད་མ་ལུས་ལྷུན་གྱིས་འགྲུབ་པ་ཡོང་ཆེད་དམིགས་བསལ་ཚོགས་ཆེན་གྱི་ཉིན་མཐའ་མར་གཞུང་མང་གཉིས་ནས་བརྟན་བཞུགས་རྒྱས་པ་བསྟར་འབུལ་ཞུ་རྒྱུ་ཡིན།  ང་ཚོས་ཕྱོགས་ཡོངས་ནས་མི་མང་གི་ངོ་ཚབ་མཚོན་པའི་སྒྲིག་འཛུགས་ཤིག་ཏུ་བསྒྱུར་ཐབས་བྱེད་པའི་གྲུབ་འབྲས་ལ་རྒྱལ་སྤྱིའི་དབུ་འཁྲིད་ཁག་གིས་བསྔགས་བརྗོད་དང་གདེང་འཇོག་གནང་ཡོད། ཕྲན་རང་བཀའ་བློན་ཁྲི་པའི་མིང་ཐོག་ནས་འཛམ་གླིང་ཡུལ་གྲུ་ཁག་ཏུ་འཚམས་གཟིགས་སྐབས་ནོ་བྷེལ་གཟེངས་རྟགས་ཐོབ་མཁན་གྱི་དབུ་འཁྲིད་དང༌། སྲིད་འཛིན་ཟུར་པ་དང་སྲིད་བློན་ཟུར་པ་ཁག ཨ་རི་དང་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་ཀྱི་ཚོགས་གཙོ། རྒྱལ་ཁབ་བཅུ་ཕྲག་ལྷག་གི་དབུ་འཁྲིད་དང་མཇལ་མོལ་ཞུ་རྒྱུའི་གོ་སྐབས་བྱུང༌། རྒྱ་གར་དང་ཕྱི་སྡོད་རྒྱ་སྐད་གསར་འགྱུར་ཐེ་བའི་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་ཚད་ལྡན་ཡང་དག་པ་ཡིན་པ་དང༌། མང་གཙོའི་ལམ་ལུགས་དང་ཡོངས་སུ་མཐུན་པ་ཡིན་པ་གསལ་སྟོན་བྱས་འདུག

རྒྱལ་སྤྱིའི་དབུ་འཁྲིད་ཀྱིས་གདེང་འཇོག་དང་གསར་འགྱུར་བརྒྱུད་ལམ་ཁག་གི་དྲིལ་བསྒྲགས་བཅས་ལ་བརྟེན་ནས་འོས་འདེམས་བྱས་པའི་འགོ་འཁྲིད་དང་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་མཐུན་ངོས་འཛིན་སྔར་བས་ཇེ་གསལ་དུ་གྱུར་ཡོད། ཇི་སྲིད་བོད་མི་མང་ལ་དྲང་བདེན་དང་རང་དབང་བསྐྱར་གསོ་མ་བྱུང་གི་བར་ང་ཚོའི་འཐབ་རྩོད་མུ་མཐུད་གནས་རྒྱུའི་ནུས་པ་བསྐྲུན་ཐུབ་པ་བྱུང་ཡོད།  དེ་རིང་དུས་ཆེན་གལ་ཆེན་པོ་འདི་སྲུང་བརྩི་ཞུས་པ་དང་ཆབས་ཅིག་གཞིས་བཞུགས་བོད་མི་རྣམས་ཀྱིས་རང་དབང་དང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་ཡོང་ཐབས་སུ་སྐོམ་པ་ཆུ་འདོད་ཀྱི་རེ་སྒུག་བྱེད་བཞིན་པ་ང་ཚོས་དྲན་གསོ་མ་ཞུ་ཐབས་མེད་རེད། བོད་ནང་མུ་མཐུད་བཙན་བཟུང་དང་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་རྐྱེན་གྱིས་ད་བར་ཤེས་རྟོགས་བྱུང་བར་བོད་ཀྱི་རྒྱལ་ས་ལྷ་སས་གཙོས་པའི་བོད་ཆོལ་ཁ་གསུམ་ནང་བོད་མི་ ༥༡ གིས་རང་ལུས་མེར་བསྲེགས་བཏང་བ་དང༌། དེ་དག་གི་ནང་ནས་ ༤༡ འདས་གྲོངས་སུ་གྱུར་ཡོད། འདི་ཟླའི་ཚེས་ ༢༥ ནས་ ༢༨ བར་ཉིན་བཞིའི་རིང་བཀའ་སྤྱི་གཉིས་ཀྱི་གོ་སྒྲིག་འོག་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདོང་ལེན་བྱེད་ཕྱོགས་གྲོས་གཞིར་བྱས་པའི་དམིགས་བསལ་ཚོགས་ཆེན་ཚོགས་རྒྱུ་ཡིན།

བོད་ནང་སྨྲ་བརྗོད་རང་དབང་གི་གོ་སྐབས་ཕྲ་མོ་ཙམ་ཡང་མེད་པ་དང༌། སྤྱིར་བཏང་མང་ཚོགས་ཀྱི་བསམ་ཚུལ་བཤད་སའི་བརྒྱུད་ལམ་ཡོངས་རྫོགས་བཀག་ཡོད། རྔམ་སྟོན་ཁྲོམ་སྐོར་ཙམ་གྱིས་ཀྱང་འཛིན་བཟུང་མནར་གཅོད་དང༌། སྲོག་ལའང་ཉེན་ཁ་ཆགས་ཀྱི་ཡོད་སྟབས། རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བྱུང་དགོས་པའི་རྒྱུ་རྐྱེན་ཇི་ཡིན་ཚོད་དཔག་བྱེད་ཐུབ། འཛམ་གླིང་ཁྱོན་ཡོངས་སུ་དད་ལྡན་མང་ཚོགས་ས་ཡ་མང་པོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཞལ་མཇལ་གསུང་ཐོས་ཞུ་རྒྱུའི་གོ་སྐབས་ཡོད་ཀྱང༌། གང་གི་འདུལ་ཞིང་དུ་འཁོད་པའི་གཞིས་བཞུགས་བོད་མི་ཚོར་དེ་ལྟའི་གོ་སྐབས་མེད་པ་ནི་ཇི་ཙམ་བཟོད་དཀའ་བ་ཡིན་པ་ཤེས་གསལ་རེད།

བོད་མིའི་སྒྲིག་འཛུགས་ཀྱིས་ཚབས་ཆེའི་ལས་འགུལ་རིགས་མ་སྤེལ་རོགས་ཞེས་འབོད་སྐུལ་ཞུས་རུང༌། རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་མུ་མཐུད་འབྱུང་བཞིན་ཡོད། དེར་བརྟེན་རང་ལུས་མེར་བསྲེགས་གཏོང་མཁན་ཚོའི་གདུང་འབོད་རྣམས་དྲང་བདེན་ལ་དགའ་བའི་རྒྱལ་སྤྱིའི་ཁྱོན་ཡོངས་ལ་ཁྱབ་བསྒྲགས་བྱེད་རྒྱུ་དེ་ནི་ང་ཚོའི་རྩ་ཆེའི་ལས་འགན་ཞིག་ཡིན་པར་བསམ་གྱི་ཡོད། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་ཡོངས་ནས་གོང་གསལ་འདས་གསོན་རྣམས་དང་ཁོང་ཚོའི་ཕ་མ་ཉེ་འབྲེལ་གཙོ་བོར་གྱུར་པའི་འཛིན་བཟུང་བཙོན་འཇུག་གི་དམ་དྲག་འོག་ཚུད་པའི་གཞིས་བཞུགས་བོད་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང༌། འདས་པོ་ཚོའི་ཆེད་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུས་ཡོད།  འདིའི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་མིར་གདུང་སེམས་མཉམ་བསྐྱེད་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨ་རི་དང༌། ལྷོ་ཨ་ཕ་རི་ཁ། དབྱིན་ཡུལ། ཉི་ཧོང༌། ཨོ་སི་ཀྲོ་ལི་ཡ། ཡོ་རོབ་རྒྱལ་ཁབ་ཁག་བཅས་ཀྱི་གྲོས་ཚོགས་འཐུས་མི་མང་པོས་རྒྱབ་སྐྱོར་གནང་བར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་གཉིས་ནས་ཨ་རིའི་སྲིད་གཞུང་ལ་བོད་དོན་དཀའ་རྙོག་སེལ་ཐབས་སུ་སྔར་བས་ནུས་ཤུགས་ཆེ་བ་དང༌། གཞི་རྒྱ་ཆེ་ལ་མངོན་གསལ་དོད་པའི་ལས་འགུལ་སྤེལ་དགོས་པ། ཁྱད་པར་བོད་དོན་སྐོར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཚོགས་ཆེན་བསྐོང་ཚོགས་དང༌། བོད་དོན་རྒྱབ་སྐྱོར་མཚོན་ཆེད་མཉམ་འབྲེལ་རྒྱལ་ཚོགས་ནང་མཐུན་ཕྱོགས་རྒྱལ་ཁབ་ཚོའི་དབར་འབྲེལ་ལམ་འཛུགས་རྒྱུ་བཅས་ཀྱི་རེ་འདུན་བཏོན་འདུག

ཉེ་ཆར་ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་དམིགས་བསལ་སྐུ་ཚབ་བསྐོ་གཞག་གནང་རྒྱུའི་གསལ་བསྒྲགས་གནང་བ་ནི། འཛམ་གླིང་ཁྱོན་ཡོངས་དང་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་ཡོང་ཐབས་སུ་དོན་ཕན་ལྡན་པའི་ཐག་གཅོད་ཅིག་ཡིན་པའི་ངོས་འཛིན་ཞུ་གི་ཡོད། རྒྱ་ནག་ནང་དང་ཕྱི་སྡོད་རྒྱ་རིགས་ཤེས་ཡོན་ཅན་མང་པོས་གཉིས་སྨན་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་བར་ཡི་རངས་བསྔགས་བརྗོད་ཡོད། ཕྱི་ལོ་ ༢༠༠༨ ལོའི་ཞི་བའི་གྱེན་ལངས་རྗེས་ཁོང་ཚོས་རྩོམ་ཡིག་སྟོང་ཕྲག་བརྒལ་བ་སྤེལ་བའི་ནང་རྒྱ་ནག་གཞུང་ལ་གྲོས་མོལ་གྱི་ལམ་ནས་བོད་དོན་ཐག་གཅོད་ཡོང་ཐབས་བྱེད་དགོས་པ་འཁོད་ཡོད། རྒྱ་རིགས་རྩོམ་པ་པོ་དང་ཤེས་ཡོན་ཅན་མང་པོས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བྱུང་དགོས་པའི་རྒྱུ་རྐྱེན་དང༌། བོད་མིའི་སེམས་ནང་ཞེ་འཁོན་ཇེ་ཆེར་འགྲོ་བཞིན་པའི་ལེ་ཁག་ཡོངས་རྫོགས་རྒྱ་ནག་གཞུང་དང་གཞུང་གི་ནོར་འཁྲུལ་གྱི་སྲིད་བྱུས་ལ་ཐུག་ཡོད་པ་བཀོད་ཡོད། སྙན་གྲགས་ཅན་གྱི་སྒྱུ་རྩལ་བ་ཨེ་ཝེ་ཝེ་ཡིས་ ༼ང་ལྷ་སར་འགྲོ་བར་ངོ་གནོང་གི་འདུག༽ཅེས་སྡོམ་ཚིག་བརྒྱབས་འདུག

རྒྱལ་སྤྱིའི་སྤྱི་ཚོགས་དང་སྲིད་གཞུང་ཁག་གིས་ང་ཚོར་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་གྱི་ལས་དོན་སྤེལ་བར་སྙིང་ཐག་པ་ནས་ཐུགས་རྗེ་ཞུ་རྒྱུ་ཡང༌། བོད་ནང་གི་ཛ་དྲག་གནས་སྟངས་ཀྱི་དཀའ་ངལ་སེལ་ཐབས་སུ་དོན་ཕན་ལྡན་པའི་ལས་དོན་སྤེལ་དགོས་པའི་རེ་སྐུལ་ཞུ་རྒྱུ་ཡིན།   གོ་སྐབས་འདི་བརྒྱུད་བཀའ་ཤག་གིས་ནན་བརྗོད་ཞུ་རྒྱུར། གྲོས་མོལ་བརྒྱུད་བོད་དོན་ཐག་གཅོད་ཡོང་ཐབས་བྱེད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད། དེ་ནི་དྷ་རམ་ས་ལ་དང་པེ་ཅིང་གཉིས་ཀ་ལ་ཁེ་ཕན་ཡོད་པ་ཞིག་ཡིན། ཉེ་སྔོན་ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་གཞུང་ལ་བོད་མིའི་འགོ་འཁྲིད་དང་མཉམ་དུ་དོན་སྙིང་ལྡན་པའི་གྲོས་མོལ་འགོ་འཛུགས་བྱེད་དགོས་གསུངས་པར་དགའ་བསུ་ཞུ་རྒྱུ་ཡིན། རྒྱ་ནག་གི་གནས་སྟངས་སྤྱི་དང་ཁྱད་པར་འགོ་འཁྲིད་འཕོ་འགྱུར་རྗེས་དོན་ཕན་ལྡན་པའི་གྲོས་མོལ་ཡོང་ཐབས་གོ་བསྡུར་ཞུ་ཆེད་འདི་ལོ་ཕྱི་ཟླ་ ༡༢ པའི་ནང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཞིག་བསྐོང་ཚོགས་ཞུ་རྒྱུ་ཡིན།

དྲག་གནོན་ལ་བརྟེན་ནས་བོད་མིའི་སྙིང་སྟོབས་དང༌། རང་དབང་དང་འདྲ་མཉམ་གྱི་མངོན་འདོད་ནམ་ཡང་རྩ་མེད་བཏང་ཐུབ་ཐབས་མེད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་༼མི་ལོ་དྲུག་ཅུའི་རིང་ལག་བསྟར་བྱས་པའི་དྲག་གནོན་གྱི་སྲིད་བྱུས་ཁུངས་འཁྱོལ་གྱི་མེད་པ་ཕྱོགས་ཐམས་ཅད་ནས་གསལ་པོ་ཆགས་ཡོད།༽ ཅེས་དང༌། མའོ་ཙེ་ཏུང་གིས་མེ་མདའི་སོ་ཁ་ན་སྟོབས་ཤུགས་ཡོད་ཅེས་བཤད་པ་ནི་བྱབྱདུས་ཚོད་ཡོལ་ཟིན་པའི་སྐད་ཆ་ཞིག་རེད།བྱབྱ ཅེས་གསུངས་ཡོད། གལ་སྲིད་རྒྱ་ནག་རྒྱལ་སྤྱིའི་ནང་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་ཅིག་ཆགས་དགོས་ན་བོད་མིའི་ཐོབ་ཐང་ལ་བརྩི་བཀུར་མ་བྱེད་ཐབས་མེད་རེད། རྒྱ་ནག་གཞུང་གིས་དུས་ཀྱི་འགྱུར་བ་དང་འཚམས་པར་རྒྱ་ནག་མི་མང་གི་མངོན་འདོད་ལ་བརྩི་བཀུར་དང༌། བཅའ་ཁྲིམས་ ༠༨ ཞེས་པ་རྩོམ་བྲིས་གནང་མཁན་གཙོ་བོ་དང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལིའུ་ཞའོ་པོས་གཙོས་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས་པའི་རེ་བ་བཏོན་གྱི་ཡོད།  རྒྱ་གར་གཞུང་དང་མི་མང་གཉིས་ནས་འདས་པའི་ལོ་གྲངས་མང་པོའི་རིང་གནས་ཚང་གཡར་བ་དང༌། གཏོང་ཕོད་ཆེན་པོའི་སྒོ་ནས་མཐུན་འགྱུར་གནང་བར་བཀའ་ཤག་གིས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་བཞིན་འཛམ་གླིང་ཁྱོན་ཡོངས་སུ་གནས་པའི་བོད་མིར་གདུང་སེམས་མཉམ་བསྐྱེད་གནང་མཁན་དང༌། བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་གནང་མཁན་བོད་ཀྱི་གྲོགས་པོ་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། རིང་མིན་ཕྱི་ཟླ་ ༡༡ པའི་ནང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་ཞིག་ཀྱང་བསྐོང་ཚོགས་ཞུ་བཞིན་འདུག  མཐའ་དོན་བོད་རིགས་སྤུན་ཟླ་ཚོར་ཞུ་རྒྱུར། ང་ཚོས་མུ་མཐུད་དམ་ཚིག་རྡོག་རྩ་ཆིག་བསྒྲིལ་གནང་དགོས་པ་ནི་རང་ལུས་མེར་བསྲེགས་གཏོང་མཁན་ཚོའི་ཞལ་ཆེམས་དང༌། གཞིས་བཞུགས་བོད་མི་ཚོས་ཐ་ན་གཞས་དང་སྨོན་ལམ་ཚུན་ཆད་དུའང་རེ་འདུན་བཏོན་ཡོད། བོད་དོན་ཉམ་ཉེས་གཏོང་རྒྱུའི་རྒྱ་ནག་གཞུང་གི་འགོ་འཁྲིད་མཁྲེགས་འཛིན་ཅན་ཚོའི་རེ་ངན་དང་གཡོ་འཕྲུལ་འོག་མི་ཚུད་པ་བྱེད་རྒྱུར་ཚང་མས་ཡིད་གཟབ་གནང་དགོས། འདས་པའི་ལོ་གཅིག་རིང་ང་ཚོས་རྨང་གཞི་བརྟན་པོ་རྒྱུན་གནས་ཐུབ་པ་བྱུང་བ་དེ་དག་ཆིག་བསྒྲིལ་དང༌། གསར་གཏོད། རང་ཁ་རང་གསོ་བྱེད་རྒྱུའི་གཞི་རྩའི་ལྟ་གྲུབ་གསུམ་ལ་བརྟེན་ནས་མུ་མཐུད་ཇེ་བརྟན་དུ་འགྲོ་རྒྱུ་རེད།

ྋསྤྱི་ནོར་གོང་ས་ྋསྐྱབས་མགོན་ཆེན་པོའི་ཡང་དག་པའི་དབུ་འཁྲིད་ལམ་སྟོན་ལ་བརྟེན་ནས་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ལམ་ལུགས་ཐོག་བསྒྱུར་ཐུབ་པ་བྱུང་བ་དང༌། ལམ་བཟང་དེ་ཉིད་ལ་བརྟེན་ནས་བོད་མི་རྣམས་མ་འོངས་པར་སོ་སོའི་རྐང་པའི་ཐོག་ལངས་ཐུབ་པ་བྱེད་རྒྱུའི་གནས་བབ་བསྐྲུན་ཡོད།  ྋསྤྱི་ནོར་གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་གསལ་ཞིང་སྐུ་ཚེ་ྋཞབས་པད་བསྐལ་བརྒྱར་བརྟན་པ་དང༌། གཞིས་བྱེས་བོད་མི་ཡོངས་ཀྱི་རེ་འདུན་མངོན་འགྱུར་ཡོང་བའི་སྨོན་འདུན་བཅས། བཀའ་ཤག་གིས་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༠༢ ལ།། །།