མདུན་ཤོག » གསར་གནས། » གསུང་འཕྲིན་ཁག » པར་རིས་གནས་ཚུལ། » མང་གཙོའི་དུས་དྲན། » སྤྱི་འཐུས་ལྷན་ཚོགས། »

བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༥༢ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

༢༠༡༢ ཟླ་ ༩ ཚེས་ ༢ རེས་གཟའ་ཉི་མ།

༄༅། །དེ་རིང་ནི་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༥༢ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་ཉིན་མོ་གལ་ཆེ་ཞིག་ཡིན། འཛམ་གླིང་གོ་ལ་ཆེན་པོ་འདིའི་ནང་མི་རིགས་དང་། ཡུལ་གོམས། གཤིས་ལུགས། ལོ་རྒྱུས། རིག་གཞུང་སོགས་མི་འདྲ་བའི་རྒྱལ་ཁབ་མང་པོ་ཞིག་ཡོད་པ་རྣམས་རང་རང་གི་གནས་སྟངས་དང་སྤྱི་ཚོགས་ཀྱི་འཕེལ་འགྲོས་ལས་ཆབ་སྲིད་ཀྱི་ལྟ་གྲུབ་ཐ་དད་པ་དུ་མ་ཞིག་བྱུང་ཡོད་ནའང་། མི་མང་གིས་དགའ་མོས་ཆེ་ཤོས་ནི་མང་གཙོའི་ལམ་ལུགས་ལ་བྱེད་བཞིན་ཡོད་ལ། དེའི་ཆེད་དུ་མི་མང་གིས་མི་རབས་ནས་མི་རབས་བར་ཚེ་སྲོག་བློས་གཏོང་གིས་འབད་བརྩོན་རབས་དང་རིམ་པ་བྱས་ནས་མང་གཙོའི་ཁེ་དབང་ལ་ལོངས་སུ་སྤྱོད་བཞིན་པའི་ལོ་རྒྱུས་ང་ཚོའི་མིག་གི་མཐོང་ཆོས་སུ་ཡོད་པ་འདི་ཡིན། འོན་ཀྱང་ང་ཚོ་བོད་མི་ཚོས་ལོངས་སུ་སྤྱོད་བཞིན་པའི་མང་གཙོའི་ཁེ་དབང་འདི་ནི་དེ་ལྟར་མིན་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གང་ཉིད་ཀྱི་གདུལ་བྱ་གངས་ཅན་པ་ཡོངས་ཀྱི་འཕྲལ་ཕུགས་རྒྱང་གསུམ་གྱི་ཁེ་ཕན་ལ་ཐུགས་བརྩེ་བ་ཆེན་པོས་དགོངས་བཞེས་བླ་མེད་ཀྱིས་མང་གཙོ་ཡང་དག་པའི་ཁེ་དབང་ཡོངས་སུ་རྫོགས་པ་རྒྱ་ཆེའི་མང་ཚོགས་རང་གི་ལག་པར་དགྱེས་བཞིན་སྤྲོ་བཞིན་དུ་མར་གསོལ་རས་བསྩལ་ཏེ་སྔར་མ་གྲགས་པའི་ངོ་མཚར་རྨད་དུ་བྱུང་བའི་མཛད་འཕྲིན་ལ་མངོན་པར་བསྟོད་ཅིང་རྗེས་དྲན་ཞུ་བའི་དུས་ཚིགས་ཁྱད་པར་ཅན་ཞིག་ཆགས་ཡོད།

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ལྗོངས་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བདག་གིར་བཞེས་པ་དང་དུས་མཚུངས་བོད་ཀྱི་ཆབ་སྲིད་འཛིན་སྐྱོང་གི་འགྲོ་ལུགས་གང་ཅིར་དེང་དུས་རང་དབང་མང་གཙོའི་ལམ་བཟང་དང་མཐུན་པ་ཡོང་ཐབས་སྒྱུར་བཀོད་སླད། ལེགས་བཅོས་ལས་ཁུངས་གསར་འཛུགས་གནང་བས་མཚོོན་རང་དབང་མང་གཙོའི་ལམ་ཕྱོགས་སུ་གོམ་པ་རིམ་བགྲོད་གནང་རྒྱུའི་འབད་བརྩོན་མཛད་ཡོད་ཀྱང་། སྐབས་དེར་རྒྱ་གཞུང་གི་བཙན་འཛུལ་དང་སུན་གཙེར་སྣ་ཚོགས་ལ་བརྟེན་ནས་ཐུགས་རེ་བཞིན་སྒྲུབ་གནང་མཛད་རྒྱུའི་གོ་སྐབས་བྱུང་མེད། འོན་ཀྱང་བཙན་བྱོལ་དུ་ཕེབས་མ་ཐག་མགོན་པོ་གང་ཉིད་ཀྱི་ཞབས་རྗེས་སུ་འབྱོར་བའི་བོད་མི་རྣམས་ས་ཕྱོགས་གང་ས་ནས་གནས་མཆོག་རྡོ་རྗེ་གདན་དུ་འདུ་འཛོམས་ཀྱིས་མནའ་གན་མཐུ་མོ་ཆེ་འབུལ་སྐབས། མང་ཚོགས་ཀྱི་འཐུས་མི་འདེམས་བསྐོ་བྱེད་དགོས་པའི་བཀའ་སློབ་སྤྱི་ཕེབས་དགོངས་དོན་ལྟར། ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་བོད་མི་མང་སྤྱི་འཐུས་སྐབས་དང་པོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་དྲུང་དུ་ལས་འཁུར་དམ་བཅའ་ཕུལ་བ་ནས་བཟུང་བོད་ལྗོངས་མང་གཙོའི་ལམ་བཟང་དབུ་བརྙེས་ཤིང། དེ་རྗེས་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་སྔ་རྗེས་གསལ་བསྒྲགས་བསྐྱངས་གནང་མཛད་པ་མ་ཟད། གོམ་པ་རིམ་སྤོས་དང་ཐེག་པ་རིམ་འཛེགས་ཀྱིས་ལོ་མང་རིང་ཉམས་མྱོང་རིམ་གསོག་བརྒྱུད་ཕྱི་ལོ་ ༡༩༩༡ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་བཅུ་གཅིག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་གྲངས་སྤར་དང་འབྲེལ་མང་གཙོའི་ལམ་སྲོལ་མཚན་ཉིད་ཚང་ཞིང་ཆ་ལག་ལྡན་པའི་ལམ་ཕྱོགས་སུ་བསྐྱོད་ཐབས་ཀྱི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་སྒྲིག་གཞི་ཁག་གཏན་འབེབས་དང་། བཀའ་བློན་བསྐོ་གཞག་གནང་ཕྱོགས་ལ་འགྱུར་བ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་འདི་བཞིན་མིང་དོན་མཚུངས་པའི་ཁྲིམས་བཟོ་ལྷན་ཚོགས་སུ་བསྒྱུར་གནང་མཛད་པ་དང་། ཕྱི་ལོ་ ༢༠༠༡ ལོ་ནས་བཟུང་བཀའ་བློན་ཁྲི་པ་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་ཀྱི་ལམ་སྲོལ་གཏོད་གནང་མཛད་ཅིང། ལྷག་པར་ཕྱི་ལོ་ ༢༠༡༡ ལོའི་ནང་མགོན་པོ་གང་གི་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཆ་ཚང་མི་མང་ནས་ཐད་ཀར་འོས་འདེམས་བྱས་པའི་འགོ་འཁྲིད་རྣམས་ལ་རྩིས་སྤྲོད་གནང་བ་བཅས་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དང་བོད་མིའི་འཕྲལ་ཕུགས་རྒྱང་གསུམ་གྱི་བདེ་ཐབས་སླད་དེ་སྔོན་སུས་ཀྱང་བློ་ཡུལ་དུ་ཡང་འཁོར་མ་མྱོང་བའི་རླབས་ཆེན་གྱི་མཛད་འཕྲིན་ཞིག་ཡིན།

དེ་རིང་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མི་མང་ནས་འོས་འདེམས་བྱས་པའི་འགོ་འཁྲིད་ལ་རྩིས་སྤྲོད་མཛད་ནས་ལོ་གཅིག་ལྷག་ཙམ་སོང་ཞིང། དུས་ཡུན་དེའི་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཀྱི་དགོངས་གཞི་ལྟར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་མ་ལག་གི་ཞུ་སྒོ་སྔར་བས་ཚགས་ཚུད་འབྱུང་ཐབས་སུ་འབད་བཞིན་པའི་གནས་བབས་སུ་ཡོད་པ་འདི་དག་ནི་རང་རེ་བོད་མི་རྣམས་དགའ་སྤྲོ་སྐྱེ་འོས་ཞིང། རྒྱ་ནག་དམར་གཞུང་གི་འགོ་འཁྲིད་རིམ་པས་བོད་མིའི་སྒྲིག་འཛུགས་འདི་བཞིན་འཐོར་ཞིག་འགྲོ་རྒྱུའི་རེ་ངན་བཅངས་དང་བཅང་བཞིན་པ་བསྒྲུབ་རེ་བྲལ་བའི་བརྡ་ལན་ནན་མོ་སྤྲད་པ་ཞིག་ཀྱང་ཡིན། ཡིན་ནའང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རེ་བ་བཟང་ས་ནས་རྒྱག་དགོས་པ་དང། གྲ་སྒྲིག་སྡུག་ས་ནས་བྱ་དགོས་ཞེས་རྒྱུན་དུ་བཀའ་སློབ་བཀའ་དྲིན་བསྩལ་དང་སྩོལ་བཞིན་པ་ལྟར་བོད་མི་ཁྱོན་ཡོངས་ཀྱིས་འགན་ཁུར་ཆེ་ཙམ་བཞེས་དགོས་པར་ནན་སྐུལ་ཞུ་རྒྱུ་ཡིན།

སྔ་ལོ་༸གོང་ས་མཆོག་གིས་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་འཁྲིད་ཚོར་གསོལ་སྩལ་གནང་སྟེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་ཁྲིམས་སྒྲིག་ཁག་ལ་བསྐྱར་བཅོས་ཀྱིས་བོད་མིས་ངོས་འཛིན་བྱས་པའི་དེ་སྔའི་གཞུང་གི་གནས་བབ་དང་གཅིག་མཚུངས་ཁྲིམས་མཐུན་གྱི་མང་གཙོའི་ངོ་བོ་ཡོངས་སུ་ཚང་བའི་བོད་མིའི་སྒྲིག་འཛུགས་འདི་བཞིན་ཇི་སྲིད་བོད་ཀྱི་བདེན་མཐའ་མ་གསལ་བ་དེ་སྲིད་སྲ་བརྟན་ཞིག་ཏུ་གནས་ཏེ་འོས་འདེམས་བྱས་པའི་ཆབ་སྲིད་ཀྱི་འགོ་འཁྲིད་ཚོས་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་མཚོན་པའི་ངང་རང་དབང་མང་གཙོའི་ལམ་བུར་ཤར་བསྐྱོད་བྱས་དང་བྱེད་བཞིན་དུ་ཡོད།

ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གུང་ཁྲན་ཚོགས་པའི་དྲག་པོའི་དམག་ཤུགས་ཀྱིས་བོད་ས་ཧྲིལ་པོ་བཙན་འཕྲོག་བྱས་པ་ནས་བཟུང་། དམངས་གཙོའི་བཅོས་སྒྱུར་དང་རིག་གནས་གསར་བརྗེ་ཟེར་བའི་ལས་འགུལ་སྤེལ་ནས་བོད་ནང་གི་དགོན་སྡེ་དང་གཙུག་ལག་ཁང་ཆ་ཚང་རྩ་གཏོར་བཏང་ཡོད། དེ་རྗེས་སྒྱུར་བཅོས་སྒོ་དབྱེ་དང་། ལྷུག་གཏོང་གི་སྲིད་བྱུས། ཆོས་དད་རང་མོས་ཟེར་བ་སོགས་ཆུ་སྲིན་གྱི་ཁར་ཉ་ཚང་གསོག་ཏུ་འཇུག་པ་ལྟ་བུའི་སྲིད་བྱུས་འོག་དགོན་སྡེ་བསྐྱར་སྐྲུན་བྱ་རྒྱུའི་གོ་སྐབས་ཅུང་ཟད་བྱུང་རུང་། སྤྱི་ཚོགས་རིང་ལུགས་དང་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློའི་སློབ་གསོ། མེས་རྒྱལ་བརྟན་ལྷིང་དང་སྤྱི་ཚོགས་འཆམ་མཐུན་ཟེར་བ་སོགས་ཀྱི་ལས་འགུལ་རབས་དང་རིམ་པ་སྤེལ་ནས་གྲྭ་བཙུན་རྣམ་པར་ལོ་ཚད་དང་ཆ་རྐྱེན་སྣ་ཚོགས་བཏོན་ཏེ་འགོག་རྐྱེན་བཟོ་བ་ཙམ་དུ་མ་ཟད། མིང་འདོགས་སྣ་ཚོགས་ཀྱི་ཐོག་ནས་ཆོས་ལུགས་ཀྱི་བསླབ་སྡོམ་བརྩི་མེད་ནག་བསུབ་ཏུ་བཏང་སྟེ་གྲྭ་བཙུན་ཚོར་བཙན་ཤེད་ཀྱིས་བརྙན་འཕྲིན་སྤྲད་ནས་གུང་ཁྲན་དམར་པོའི་སྲིད་བྱུས་ཡང་དག་ཡིན་པའི་རྫུན་བསྒྲིགས་ཀྱི་གློག་བརྙན་ལྟ་རུ་བཅུག་སྟེ་ཐོས་བསམ་འཆད་ཉན་དང་བཤད་སྒྲུབ་བསླབ་པ་གསུམ་གྱི་ཉམས་ལེན་བྱ་རྒྱུའི་རང་དབང་འཕྲོགས་ཏེ་ཆོས་ལུགས་རྩ་མེད་དུ་གཏོང་རྒྱུའི་སྲིད་བྱུས་འཛིན་བཞིན་ཡོད། དབེན་ཁྲོད་དགོན་པ་དང་གཙུག་ལག་ཁང་རྣམས་ཡུལ་སྐོར་སྤྲོ་འཆམ་པར་འགྲེམས་སྟོན་བྱ་ཡུལ་གྱི་ཁྲོམ་རར་བསྒྱུར་ཏེ་རྒྱ་ནག་གི་དཔལ་འབྱོར་མཁོ་སྒྲུབ་བྱ་སའི་ལྟེ་གནས་ཤིག་ཏུ་སྒྱུར་བཞིན་ཡོད།

དེ་བཞིན་བོད་ཀྱི་ཁོར་ཡུག་སྤྱི་དང་། རི་ངོས་སྲོག་ཆགས་སོགས་རྩ་སྟོང་འགྲོ་བའི་ལས་གཞི་མང་སྤེལ་གྱིས་ཚབས་ཆེའི་གནོད་སྐྱོན་བཏང་དང་གཏོང་བཞིན་པ་དང་། བོད་ཀྱི་རྒྱ་ཆེའི་འབྲོག་པ་རྣམས་ཀྱི་གནའ་སྲོལ་འཚོ་བ་སྐྱེལ་སྟངས་བཙན་ཤེད་ངང་བསྒྱུར་བཅོས་ཀྱིས་དཀའ་ངལ་དང་འགོག་རྐྱེན་སྣ་ཚོགས་བཟོ་བཞིན་པ། རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་དང་། ཁུལ། རྫོང་ཟེར་བའི་འགོ་བཙུགས་རྟེན་འབྲེལ་སོགས་ལ་བསྙད་བཏགས་ཏེ་བོད་ཀྱི་གནམ་ས་གང་སར་དམག་སྦྱོང་དང་དམག་གྲ་སྒྲིག་སྟེ་འཇིགས་སྐུལ་གྱིས་བོད་མི་རྣམས་ལ་གུང་ཁྲན་ཚོགས་པར་བསྟོད་པའི་གླུ་ལེན་གར་འཁྲབ་སོགས་བྱེད་དུ་བཅུག་ནས་པར་ལེན་བྱས་ཏེ་རྒྱ་ནག་མི་མང་དང་རྒྱལ་སྤྱིའི་ཐོག་ཏུ་བོད་འདི་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་ཡར་རྒྱས་ཕྱིན་ཡོད་ཚུལ་འཁྱོག་བཤད་ཀྱི་འུར་སྒྲོག་བྱེད་བཞིན་ཡོད། ལྷག་པར་དུ་བོད་མི་རྣམས་ཀྱི་གཅེས་པའི་སྲོག་དང་ཁོག་པའི་སྙིང་ལས་རྩ་ཆེ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཙམ་ཡང་སྒྲིག་གཤོམ་མི་ཆོག་པ་དང་། ༸གོང་ས་མཆོག་གིས་ངོས་འཛིན་མཛད་པའི་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་ཡོད་ཆ་མེད་དུ་གྱུར་པ་སོགས་མདོར་ན་ཆོས་ལུགས་དང་། རིག་གཞུང། སྐད་ཡིག ཁོར་ཡུག་བཅས་ཀྱི་རང་དབང་དང་། ཞི་བདེ། འགྲོ་བ་མིའི་ཐོབ་ཐང་སོགས་ཡེ་ནས་བྲལ་ཏེ་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་རྡུང་རྡེག་ཚ་ནན་གྱི་འོག་ཉིན་མཚན་འཁྱོལ་དཀའ་བའི་གནས་སུ་ལྷུངས་ཡོད།

ཡིན་ནའང་རྒྱ་ཆེའི་གཞིས་ལུས་བོད་རིགས་སྤུན་ཟླ་རྣམ་པས་རང་གི་འདུ་ཤེས་མ་བརླགས་པར་སྙིང་སྟོབས་དང་དཔའ་ངར་ཞུམ་པ་མེད་པར་མི་རབས་ནས་མི་རབས་བར་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་མི་རིགས་ཀྱི་ལ་རྒྱ་དང་རྒྱལ་ཞེན་ལྷག་བསམ་གཡོ་བ་མེད་པ་རི་ལྟར་གནས་ཏེ། རྒྱ་ནག་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་འགོག་རྒོལ་གྱི་ཆེད་དུ་རྒྱལ་གཅེས་སེར་སྐྱ་ཕོ་མོ་གྲངས་ལས་འདས་པས་ལས་འགུལ་རབས་དང་རིམ་པར་སྤེལ་ཡོད་པ་ཙམ་དུ་མ་ཟད། ཕྱི་ལོ་ ༢༠༠༩ ནས་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༧ བར་ཤེས་རྟོགས་ར་འཕྲོད་གསལ་པོ་བྱུང་བ་ཁྱོན་བོད་མི་སྐྱ་སེར་ཕོ་མོ་གྲངས་ ༥༡ གིས་རང་ལུས་མེར་བསྲེགས་བཏང་སྟེ། དེ་དག་གི་ཁྲོད་ནས་མི་གྲངས་ ༤༡ གི་སྐུ་སྲོག་ཤོར་བ་བཅས་གཞིས་ལུས་བོད་མི་རྣམས་ཀྱིས་བོད་མིའི་བདེན་དོན་སྤྱི་དང། ཁྱད་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ། བོད་མི་ཚོར་རང་དབང་དང་ཐོབ་ཐང་དགོས་པ། བོད་ཀྱི་ཆོས་དང་རིག་གཞུང་རྩ་གཏོར་གྱི་སྲིད་བྱུས་མཚམས་འཇོག་དགོས་པ་སོགས་ཀྱི་དགོས་འདུན་དང་བཅས་འཚེ་མེད་ཞི་བའི་སྒོ་ནས་ལས་འགུལ་སྔ་རྗེས་རིམ་པར་སྤེལ་བའི་ཁྲོད་རྒྱ་གཞུང་གི་དྲག་ཆས་དམག་མིས་གཅར་རྡུང་ཚད་མེད་བཏང་པ་སོགས་ཀྱི་རྐྱེན་པས་རྩ་ཆེའི་སྐུ་སྲོག་ཤོར་བ་དང། ད་དུང་དེ་བས་མང་བ་འཛིན་བཟུང་བཀག་ཉར་དང་གར་ཡོད་ཆ་མེད་དུ་གྱུར་ནས་སྡུག་སྦྱོང་མནར་གཅོད་མི་བཟད་པ་མྱངས་དང་མྱོང་བཞིན་པའི་དཔའ་བོའི་མཛད་རྗེས་རྣམས་གཙུག་ཏུ་བཀུར་ཏེ་སྐྱིད་སྡུག་མཉམ་མྱོང་གི་གདུང་སེམས་མཉམ་བསྐྱེད་དང་སྦྲགས་ཁོང་ཚོའི་དགོས་འདུན་རྣམས་ཡོངས་སུ་མངོན་འགྱུར་ཡོང་ཐབས་སུ་ང་ཚོས་འཚེ་མེད་ཞི་བའི་ལས་འགུལ་རྒྱ་མི་ཆུང་བ་སྤེལ་དང་སྤེལ་མུས་ཡིན་ལ་ད་དུང་དོན་འབྲས་མ་སོན་བར་དུ་མཐའ་སྐྱོང་བྱ་ངེས་ཡིན་པ་མ་ཟད། ད་ལྟའི་བོད་ནང་ཛ་དྲག་གི་གནས་སྟངས་ལ་གདོང་ལེན་གནང་ཕྱོགས་སུ་བཅའ་ཁྲིམས་དོན་ཚན་ ༥༩ པའི་དགོངས་དོན་དམིགས་བསལ་ཚོགས་ཆེན་ཐེངས་ ༢ པ་ཟླ་འདིའི་ཚེས་ ༢༥ ནས་ ༢༨ བར་བསྐོང་ཚོགས་བྱ་གཏན་འཁེལ་ཡོད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་འཁྲིད་པའི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དེ་བཞིན་འདི་ལོ་ཕྱི་ཟླ་ ༧ ཚེས་ ༦ ཉིན་ནས་རྒྱ་གར་གྱི་ས་གནས་ཁག་གསུམ་ནས་འགོ་འཛུགས་ཀྱིས་མུ་མཐུད་འགྲོ་བཞིན་པ་ལྟར། དེ་རིང་ཕྱི་ཟླ་ ༩ ཚེས་ ༢ ཉིན་ནས་རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱིའི་རྒྱལ་ཁབ་ ༣༠ ལྷག་ཙམ་ནང་ལས་འགུལ་དངོས་སུ་འགོ་འཛུགས་ཀྱིས་རིམ་སྤེལ་བྱ་འཆར་ལྟར་རྒྱལ་ཁབ་དེ་དག་ནང་གི་བོད་དོན་རྒྱབ་སྐྱོར་བ་རྣམ་པ་དང་། རང་རིགས་བཅས་ཚང་མས་རྒྱབ་སྐྱོར་དང་མཉམ་ཞུགས་ཡོང་བར་འབོད་བསྐུལ་ཞུ་རྒྱུ་ཡིན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོར་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ཡུལ་གོམས་གཤིས་ལུགས་སོགས་ཀྱིས་མ་འདང་བ་མ་ཡིན་པར་དེང་རབས་ཀྱི་ཤེས་ཡོན་ཡར་རྒྱས་གོང་འཕེལ་གྱི་ཕྱོགས་སུ་བསྐྱོད་དགོས་པའི་བཀའ་སློབ་རིམ་ཕེབས་ལྟར། འགྲོ་བ་མིའི་སྲིད་པ་ཆགས་པ་ནས་བཟུང་ཤ་ཁྲག་རུས་གསུམ་རྒྱུན་གཅིག་ཡིན་མཁན་བོད་རིགས་སྤུན་ཟླ་ཡོངས་ཀྱིས་སོ་སོའི་ཆོས་དང་རིག་གཞུང་རྒྱ་ཆེ་གཏིང་ཟབ་ཅིག་ཡོད་པ་དེ་དག་གཅེས་ནོར་ཡིན་པ་ངོ་ཤེས་པ་བྱས་ཏེ་བདག་པོ་རྒྱག་རྒྱུ་ཙམ་དུ་མ་ཟད། དེང་རབས་ཀྱི་ཤེས་བྱ་གང་ཅིར་སློབ་སྦྱོང་གིས་འཛམ་གླིང་ནང་དཔུང་པ་མཉམ་གཤིབས་ཐོག་བསྐྱོད་ཐུབ་པ་བྱ་རྒྱུ་ནི་ང་ཚོ་རྩམ་གཟན་བོད་མི་ཡོངས་ཀྱི་ལས་འགན་ཡིན་ལ། ལྷག་པར་དུ་ད་ལྟའི་གཞོན་སྐྱེས་རྣམས་མ་འོངས་བོད་ཀྱི་བདག་པོ་ཡིན་པས་བོད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དྲང་བདེན་དང་ཡ་རབས་སེམས་བཟང་གི་སྒོ་གསུམ་གྱི་སྤྱོད་པ་མ་ཉམས་པའི་ཐོག་ནས་གནའ་དེང་ཤེས་ཡོན་འདབ་གཤོག་

གཉིས་ལྡན་ཤ་སྟག་ཡོང་བ་བྱ་རྒྱུར་སྤྱི་སྒེར་ཚང་མས་ཐབས་ཤེས་ཡོད་རྒུ་བརྒྱུད་སྔར་བས་ནུས་ཤུགས་ཆེ་བ་འདོན་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན།

དེ་རིང་གི་གོ་སྐབས་འདི་བརྒྱུད་རྒྱ་གཞུང་གི་དཔོན་རིགས་ཚོར་ཞུ་རྒྱུར། དེང་གི་དུས་སྐབས་འདིར་རྒྱ་གཞུང་འགོ་འཁྲིད་རིམ་པའི་བརྗེ་ལེན་སོགས་རྒྱལ་ནང་བྲེལ་སྟབས་ཆེན་པོ་ཡོད་ནའང། བོད་ཀྱི་གནད་དོན་རྒྱལ་སྤྱིའི་ཐོག་སྔར་བས་ཛ་དྲག་ཅི་ཆེར་འགྲོ་བ་ཤེས་བཞིན་དུ་སྣང་མེད་དང་། ཁྱད་གསོད་དུ་མི་གཏོང་བར་འགན་འཁུར་ཆེ་བཞེས་ངང་བོད་ཐོག་སྲིད་བྱུས་འཛིན་བཞིན་པ་རྣམས་ལ་བསྐྱར་ཞིབ་ཀྱིས་བོད་མིའི་དགོས་འདུན་རྣམས་ལག་བསྟར་དོན་འཁྱོལ་ཡོང་ཐབས་སུ་ཞི་འགྲིག་གི་ཐབས་ལམ་འདོན་དགོས་པའི་ཛ་དྲག་གི་དྲན་སྐུལ་ཞུ་རྒྱུ་ཡིན།

སྤྱིར་ན་འཛམ་གླིང་ཧྲིལ་པོ་འདི་བཞིན་དཔལ་འབྱོར་སོགས་གཅིག་ལ་གཅིག་བརྟེན་ཡིན་པ་ཆོས་ཉིད་ཡིན་ནའང་། རང་དབང་དང་དྲང་བདེན་ལ་དགའ་བའི་རྒྱལ་ཁབ་དང་མི་སྣ་ཡོངས་ཀྱིས་འཕྲལ་སྒང་རང་རང་གི་དཔལ་འབྱོར་ཙམ་གྱི་ཁེ་ཕན་ཁོ་ན་གཙོར་བཟུང་མ་ཡིན་པར། དངོས་ཡོད་བདེན་པའི་ཐོག་ནས་བོད་དོན་ལ་ཁ་ཞེ་གཉིས་མེད་ཀྱིས་བདེན་རྒྱབ་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། དཀྱིལ་ཤར་ཨེ་ཤ་ཡའི་དབུས་སུ་ཆགས་པའི་བོད་རྒྱའི་དཀའ་རྙོག་གཙང་སེལ་བྱུང་ཚེ་འཛམ་གླིང་སྟེང་གི་མི་འབོར་ཆེ་ཤོས་ཡིན་པའི་རྒྱ་དཀར་ནག་རྒྱལ་ཁབ་གཉིས་ཀྱི་དཀའ་ངལ་ཡང་སེལ་ཐུབ་པ་ཙམ་དུ་མ་ཟད། འཛམ་གླིང་ཁྱོན་ཡོངས་ཀྱི་ཞི་བདེ་སོགས་ལའང་ཕན་རླབས་ཅི་ཆེ་ཡོང་རྒྱུ་གདོན་མི་ཟ། ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་མང་པོའི་གྲོས་ཚོགས་སོགས་ཀྱིས་བོད་དོན་བདེན་རྒྱབ་ཀྱི་གྲོས་ཆོད་བཞག་པ་སོགས་རྣམ་པ་སྣ་ཚོགས་ཀྱི་རྒྱབ་སྐྱོར་གནང་དང་གནང་བཞིན་པ་ལྟར། ད་དུང་ད་ལྟའི་བོད་ནང་གི་གནས་སྟངས་ཛ་དྲག་ཅི་ཆེ་ཡོད་སྟབས་བོད་མིའི་དགོས་འདུན་ཁག་བསྒྲུབ་ཐབས་སུ་རྒྱབ་སྐྱོར་ངེས་གནང་ཡོང་བའི་སྐུལ་མ་ནན་ཏན་དུ་ཞུ་རྒྱུ་ཡིན།

ད་ལྟའི་ཆར་རྒྱ་ནག་གཞུང་གིས་ངོ་ཚ་ཁྲེལ་གཞུང་ཡོངས་སུ་སྤངས་ཏེ་མཁྲེགས་འཛིན་གྱི་སྲིད་བྱུས་ངན་པ་ངོམ་འཁྱེར་ངང་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་བོད་དོན་བདེན་པའི་རྒྱབ་སྐྱོར་གང་ལའང་ལྟོས་མེད་རྡོག་རོལ་གྱིས་ཡ་ལན་ལག་བསྟར་སྣེ་ཙམ་ཡང་མི་བྱེད་ཁར་བོད་རྒྱའི་གནད་དོན་ཐད་ཐོག་མར་ཚུར་གྲོས་འགོ་བཏོན་པའི་བོད་རྒྱའི་དབར་འབྲེལ་མོལ་གྱི་ལས་དོན་དེ་ཡང་ཕྱིར་འཐེན་མཚམས་འཇོག་བྱས་ཏེ་བོད་ནང་དུ་སྔར་ལས་ལྷག་པའི་དམ་བསྒྲགས་དང་གདུག་རྩུབ་ཤུགས་ཆེ་བྱས་དང་བྱེད་བཞིན་པར་བརྟེན་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་ཁབ་ཁག་དང། རང་དབང་དང་དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་གྱི་གཞུང་དང་། མི་མང་། ཚོགས་སྡེ་ཁག གནད་ཡོད་མི་སྣ། གསར་འགོད་པ་སོགས་ཡོངས་རྫོགས་ཀྱིས་བོད་མི་ཚོའི་དགོས་འདུན་དང་། རྒྱ་གཞུང་གིས་བོད་ནང་དུ་མི་སྤྱོད་ལས་འདས་པའི་གདུག་རྩུབ་ཀྱི་སྲིད་བྱུས་དང། མི་བདེན་རྫུན་སྒྲིག་སོགས་ཀྱི་འཁྱོག་བཤད་མང་དག་བྱས་དང་བྱེད་བཞིན་པར་ཞིབ་འཇུག་མཐིལ་ཕྱིན་གྱིས་རྒྱ་གཞུང་ལ་བོད་ཀྱི་དཀའ་ངལ་གནས་སྟངས་སྤྱི་དང་ལྷག་པར་ད་ལྟའི་ཛ་དྲག་གི་གནས་སྟངས་ལས་མྱུར་དུ་གྲོལ་བའི་ཐབས་ལམ་ཇི་ཡོད་འདོན་དགོས་པའི་དུས་ལ་བབས་འདུག་ཅེས་འབོད་སྐུལ་ནན་ཏན་ཞུ་རྒྱུ་ཡིན།

དེ་རིང་དུས་དྲན་སྲུང་བརྩི་ཞུ་བའི་ཉིན་མོ་འདིར་འདས་པའི་མི་ལོ་ལྔ་བཅུ་ལྷག་སོང་ཟིན་པའི་རིང་སྐུ་ངལ་དང་འགལ་རྐྱེན་ལ་མ་འཛེམས་པར་བོད་མི་སྐྱབས་བཅོལ་བ་རྣམས་ལ་འཚོ་ཐབས་དང་། ཤེས་ཡོན་སོགས་ལ་མཐུན་འགྱུར་བླ་མེད་གནང་བའི་རྒྱ་གར་དབུས་སའི་གཞུང་དང་། མི་མང་ཁྱོན་ཡོངས་ལ་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། དེ་བཞིན་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་། དབུ་ཁྲིད་རྣམ་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག སྒེར་པ་ཁག་བཅས་ཚང་མར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་༸སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢ ལ།།