ཟླ་བ་ ༧ ཚེས ༣༠ ༢༠༡༢
   Posted in གསར་གནས།
Published By b

༢༠༡༢ ཟླ་ ༧ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སླེ་ཧི་མ་ལ་ཡའི་ནང་པའི་རིག་གཞུང་ལྷན་ཚོགས་དང་སླེ་ཧི་མ་ལ་ཡ་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ནས་ཇི་ལྟར་ གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་ལ་དྭགས་སླེ་ལྕོག་ལམ་གསར་གྱི་རི་མགོར་གསར་དུ་བཞེངས་པའི་ཟངས་མདོག་དཔལ་རིའི་ལྷ་ཁང་རྟེན་དང་བརྟེན་པ་བཅས་ལ་རབ་གནས་དང་དབུ་འབྱེད་མཛད་ཡོད།

མགོན་པོ་གང་ཉིད་མཆོག་དེ་ཉིན་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་མཚམས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་པ་རི་རྫོང་རིན་པོ་ཆེ་མཆོག་གིས་གཙོས་མཁན་བླ་སྤྲུལ་རྣམ་པ་དང། ས་གནས་དཔོན་རིགས་ཁག་གཅིག དེ་བཞིན་སེར་སྐྱ་མང་ཚོགས་སྟོང་ཚོ་ཁ་ཤས་ལ་སློབ་དཔོན་ཐུགས་རྗེ་ཅན་པདྨ་སམ་བྷ་ཝའི་སྐུ་བརྙན་དང་ལྷ་ཁང་སོགས་གསར་བཞེངས་ཐུབ་པར་ཡི་རང་བསྔགས་བརྗོད་མཛད་པ་དང་ཆབས་ཅིག་བཀའ་སློབ་སྩལ་དོན། སློབ་དཔོན་ཐུགས་རྗེ་ཅན་ནི་ང་ཚོ་ཚང་མས་ཤེས་གསལ་རེད། དམིགས་བསལ་བོད་གངས་ཅན་ལྗོངས་དང་ལས་འབྲེལ་ཡོད་པ་ཆགས་ཡོད། ཐུགས་བསྐྱེད་སྨོན་ལམ་གྱི་ཐོག་ནས་དམིགས་བསལ་གྱི་འབྲེལ་བ་ཡོད། དེར་བརྟེན་མངའ་བདག་ཚང་པ་ལྷ་ཡི་མེ་ཏོག་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་སངས་རྒྱས་ཀྱི་བསྟན་པ་རྒྱ་གར་འཕགས་པའི་ཡུལ་ནས་ཐད་ཀར་བོད་ལ་འཛུགས་རྒྱུའི་དགོངས་པ་བཞེས་ནས་མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་བ་རེད། རྒྱ་གར་དཔལ་ན་ལེནྡྲའི་མཁས་པའི་གཙུག་རྒྱན་དབུ་མའི་ལྟ་བ་རང་དགར་ཚུགས་པ་ཞིག་སྲོལ་གཏོད་མཁན་མཁས་པའི་དབང་པོ་བོད་ལ་སངས་རྒྱས་ཀྱི་བསྟན་པ་ཕྱི་འདུལ་བ་ནས་བཟུང་། གང་ལྟར་ཐེག་པ་ཆེ་ཆུང་བསྔགས་དང་བཅས་པ་ཡོངས་སུ་རྫོགས་པ་བསྟན་པ་སྤེལ་རྒྱུའི་མཛད་འཕྲིན་བསྐྱངས་སྐབས། མི་དང་མི་མ་ཡིན་གྱི་འགལ་རྐྱེན་བར་ཆད་མང་པོ་ཞིག་བྱུང་ཡོད། སློབ་དཔོན་ཐུགས་རྗེ་ཅན་གྱི་ཐུགས་བསྐྱེད་སྨོན་ལམ་དུས་སུ་སྨིན་ཏེ་རིམ་པས་བོད་ལ་གདན་ཞུ་གནང། ཡོངས་གྲགས་སུ་མཁན་སློབ་ཆོས་གསུམ་བརྗོད་བཞིན་པའི་ནང་ནས་སློབ་དཔོན་ཐུགས་རྗེ་ཅན་གཅིག་ཡིན། སློབ་དཔོན་ཐུགས་རྗེ་ཅན་གྱིས། འགྲོ་དྲུག་སྡུག་བསྔལ་ཆེན་པོ་ངལ་བ་དང། ཁྱད་པར་བོད་ཀྱི་རྗེ་འབངས་སྡུག་ངལ་ན། དད་གུས་མོས་པའི་གདུང་ཤུགས་དྲག་པོ་ཡིན། ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས། ཞེས་གསུངས་པ་ལྟར། སྤྱིར་འགྲོ་དྲུག་སེམས་ཅན་དང་ལྷག་པར་བོད་ཀྱི་རྗེ་འབངས་སྡུག་ངལ་ཉམ་ཐག་སྐྱབས་མེད་མགོན་མེད་དུ་འགྱུར་བའི་སྐབས། སློབ་དཔོན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས་རྒྱུ་དེ་དམིགས་བསལ་ཐུགས་བསྐྱེད་སྨོན་ལམ་གྱི་ཐོག་ནས་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།

 

ལྷག་པར་མགོན་པོ་གང་ཉིད་མཆོག་གིས་ཧི་མ་ལ་ཡའི་ནང་པའི་རིག་གཞུང་ལྷན་ཚོགས་དང་ཧི་མ་ལ་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཐུགས་འཁུར་ཆེ་བཞེས་ཀྱིས་ད་བར་བོད་བསྟན་སྲིད་ཀྱི་ཆེད་ལས་འགུལ་སྣ་མང་སྤེལ་བར་ཐུགས་རྗེ་ཆེ་ཞུའི་བཀའ་སློབ་སྩལ་དོན། དེ་རིང་ཁྱེད་རང་ཚོས་བོད་བསྟན་སྲིད་ཀྱི་ཆེད་སེམས་འཁུར་བླངས་ཏེ་ཞི་བའི་གོམ་འགྲོས་ཀྱིས་མཚོན་དེ་ལྟ་བུ་མང་པོ་ཞིག་མ་སྐུལ་དང་བླང་ཐོག་ནས་དཀའ་ངལ་འཛེམས་མེད་ཀྱིས་ལས་འགུལ་ལོ་མང་རིང་སྒྲུབ་མཁན་ཁྱེད་རང་ཚོ་རེད། དེ་བཞིན་དད་ལྡན་སྦྱིན་བདག་ཁག་བཅས་ཀྱིས་རི་ཙོག་འདིའི་སྟེང་ཟངས་མདོག་དཔལ་རིའི་ལྷ་ཁང་བཞེངས་པ་དང། དེ་རིང་འདིར་སློབ་དཔོན་ཐུགས་རྗེ་ཅན་གྱི་སྐུ་འདི་ངོས་རང་ཡར་འཛུལ་ཏེ་སྐུའི་ཞལ་མཇལ་སྐབས་མི་འདྲ་བ་ཞིག་དང་ཧ་ཅང་ཡག་པོ་བྱུང་འདུག་པས་ངོས་རང་ཧ་ཅང་དགའ་པོ་བྱུང། ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད། རྩ་བའི་༸གོང་ས་མཆོག་གིས་རབ་གནས་དབུ་འབྱེད་མཛད་པའི་ཐོག་བརྩེགས་གསུམ་ལྡན་གྱི་ཟངས་མདོག་དཔལ་རིའི་ལྷ་ཁང་དེའི་ནང་སློབ་དཔོན་རིན་པོ་ཆེ་དང་། འོད་དཔག་མེད། དེ་བཞིན་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་བརྙན་བཅས་སྐུ་རྟེན་གསུམ་ཡོད་ཅིང། གཙུག་ལག་ཁང་དེ་བཞིན་ལེགས་གྲུབ་བྱུང་བར་ཁྱོན་བསྡོམས་ལོ་ངོ་དྲུག་འགོར་འདུག་པ་བཅས།།

Share with your friends










Submit