མདུན་ཤོག » གསར་གནས། » གསུང་འཕྲིན་ཁག » པར་རིས་གནས་ཚུལ། » བཀའ་ཤག » སྐུའི་འཁྲུངས་སྐར་དུས་ཆེན། »

༈ ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་དོན་བདུན་དུ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་གཞུང་འབྲེལ་མཛད་སྒོའི་ཐོག་བཀའ་ཤག་གི་གཏམ་བཤད།

༄༅།། ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཕགས་མཆོག་འཇིག་རྟེན་དབང་ཕྱུག་མིའི་རྣམ་པར་རོལ་པ། བོད་མི་ཡོངས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཐམས་ཅད་མཁྱེན་པ་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ། མཚན་དངོས་ནས་སྨོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་ཕྱི་ལུགས་དགུང་གྲངས་བདུན་ཅུ་དོན་བདུན་དུ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་ཆེན་ཁྱད་པར་ཅན་གྱི་སྐབས་འདིར་ཕྲན་ནས་གཞིས་བྱེས་བོད་མི་ཡོངས་དང་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་གུས་ཕྱག་དང་བཅས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་རྒྱུ་ཡིན།

དེ་རིང་གི་ཉིན་མོ་འདི་ནི་འཛམ་གླིང་ཡོངས་དང༌། ཁྱད་པར་རང་ཅག་ཁ་བ་རི་པ་རྣམས་ལ་ཆེས་སྐལ་བཟང་གི་ཉིན་མོ་ཞིག་ཡིན་པ་སྨོས་ཅི་དགོས། ཕྱོགས་གཅིག་ནས་བོད་མི་རིགས་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ཛ་དྲག་གཉན་འཕྲང་ཅན་གྱི་གནས་སྐབས་འདི་ལྟ་བུར་གྱར་ཡང༌། ཕྱོགས་གཞན་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཡང་དག་པའི་དབུ་འཁྲིད་ལམ་སྟོན་འོག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཡོངས་རྫོགས་འཚེ་བ་མེད་པ་དང་མང་གཙོའི་ལམ་བཟང་དུ་འཁྲིད་རྒྱུས་མཚོན་འཛམ་གླིང་ནང་ཡོད་པའི་བཙན་བྱོལ་བ་ཐམས་ཅད་ཀྱི་ནང་ནས་གནས་སྟངས་བཟང་ཤོས་དང་མིག་དཔེ་འོས་པ་ཞིག་ཏུ་གྱུར་ཡོད། དེ་དག་ཐམས་ཅད་མགོན་པོ་གང་ཉིད་ཀྱི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གང་ཉིད་ཀྱིས་རིས་སུ་མ་ཆད་པའི་འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱི་ཕན་བདེ་སྤེལ་བའི་མཛད་འཕྲིན་རྒྱ་ཆེ་ལ་རྒྱུན་མི་ཆད་པར་བསྐྱངས་དང་སྐྱོང་བཞིན་པ་ནི་བདག་ཅག་བོད་འབངས་ཡོངས་ནས་དགའ་སྤྲོ་དང་སྤོབས་པ་བྱ་དགོས་པ་ཞིག་ཀྱང་ཡིན།

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནི་བོད་ཀྱི་ལོ་རྒྱུས་ཐོག་དཀའ་ངལ་ཆེ་ཤོས་ཤིག་གི་སྐབས་སུ་ངོས་འཛིན་ཞུས་པ་དང༌། དགུང་གྲངས་བཅུ་དྲུག་ཐོག་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་དགོས་གྱུར་ཡོད། དེ་བཞིན་དགུང་གྲངས་ཉེར་བཞིའི་ཐོག་རང་ཡུལ་བཞག་ནས་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད། འོན་ཀྱང་མང་གཙོའི་རིང་ལུགས་ཀྱི་དགོངས་གཞི་ཟབ་མོ་ཞིག་སྔོན་ནས་ཡོད་པ་ལ་བརྟེན་ནས་ཕྱི་ལོ་ ༡༩༦༠ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དབུ་འཛུགས་གནང་བ་དང༌། ཕྱི་ལོ་ ༡༩༦༣ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་ཀྱི་ཟིན་བྲིས་ཞིག་ཀྱང་བཟོ་སྒྲིག་གནང་བ། ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྒྱུར་བཅོས་གནང་བ། ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་བསྡུའི་ལམ་ནས་འདེམས་པ། དེ་བཞིན་ཕྱི་ལོ་ ༢༠༡༡ ལོར་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་འཁྲིད་ལ་རྩིས་སྤྲོད་གནང་བ་སོགས་གོམ་པ་རིམ་བགྲོད་ཀྱིས་མང་གཙོའི་ལམ་སྲོལ་གསར་འཛུགས་གནང་ཡོད། དེ་ཡང་སྐབས་གསུམ་པའི་བཀའ་ཁྲིའི་འོས་བསྡུའི་སྐབས་བོད་མི་ཚོའི་མང་གཙོའི་ལྟ་གྲུབ་དང་ལག་ལེན་ཐོག་ཆོད་སེམས་དང་འགན་འཁུར། གོ་རྟོགས་བཅས་ལེགས་པོ་སོན་ཡོད་པར་གཟིགས་ཏེ་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་རྒྱུ་དུས་ལ་བབས་པའི་བཀའ་སློབ་ཕེབས་ཡོད། ྋགོང་ས་ཆེན་པོ་མཆོག་ནས་ལོ་གྲངས་ ༦༠ རིང་འགལ་རྐྱེན་ཐམས་ཅད་གདོང་ལེན་གནང་བའི་སྒོ་ནས་བོད་མི་ཚོར་འགོ་འཁྲིད་ལམ་སྟོན་གནང་བ་ལ་བརྟེན་ནས་ང་ཚོ་རང་གི་རྐང་པའི་ཐོག་ལངས་ཐུབ་པ་བཟོ་གནང་མཛད་ཡོད།

སྔ་ལོ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་འཕྲལ་ཕུགས་ཀྱི་ཁེ་ཕན་དང་དགོས་པ་རྒྱུ་མཚན་དུ་མ་ལ་གཟིགས་ནས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་འཁྲིད་ལ་རྩིས་སྤྲོད་གནང་རྒྱུའི་བཀའ་ལྕི་ལྡོག་མེད་ཕེབས་སྐབས། ཛྲངོས་ཀྱིས་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་བསམ་ཚུལ་འདི་བོད་མི་རིགས་ཀྱི་འཕྲལ་ཕུགས་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན་པས་ཁྱེད་ཚོའི་རེ་སྐུལ་དང་ལེན་བྱ་ཐབས་མ་བྱུང་ཡང༌། བོད་མི་ཡོངས་ཀྱིས་ཇི་སྲིད་ངོས་ལ་ཡིད་ཆེས་བློས་འགེལ་ཡོད་པ་དེ་སྲིད་དུ་ངོས་རང་བོད་ཀྱི་ཡུལ་མི་ཞིག་ཡིན་པས་རང་འགན་ངེས་པར་བསྒྲུབ་རྒྱུར་བརྟེན། རིམ་བཞིན་གནད་དོན་འདིའི་དགག་དགོས་རྒྱུ་མཚན་རྣམས་གོ་རྟོགས་ཀྱིས་ངོས་ཀྱི་ཐག་གཅོད་ལ་མོས་མཐུན་དང་ལེན་བྱེད་པའི་ཡིད་ཆེས་ཡོད། ཅེས་བཀའ་ཕེབས་ཡོད། ྋགོང་ས་མཆོག་གི་མཛད་ཕྱོགས་དེ་ནི་དེང་སང་འཛམ་གླིང་ནང་དབང་ཆ་བློས་གཏོང་མ་ཐུབ་པར་མི་གསོད་ཁྲག་སྦྱོར་གྱི་ལས་ཐབས་སྣ་ཚོགས་ལ་སྤྱོད་པའི་འགོ་འཁྲིད་རྣམས་ཀྱི་བྱ་སྤྱོད་ལས་ཡོངས་སུ་ལྡོག་པའི་དགོངས་ཡངས་དཀྱེལ་ཆེའི་རླབས་ཆེན་གྱི་མཛད་པ་ཞིག་ཡིན་པར་རྒྱལ་སྤྱིའི་ནང་བསྔགས་བརྗོད་རྒྱ་ཆེ་ཞུ་བཞིན་ཡོད། སྐུ་དབང་རྩིས་སྤྲོད་གནང་བ་དེར་གཞིས་བཞུགས་བོད་མི་ཚོས་གཙོས་བོད་མི་ཚང་མར་བློ་འཚབ་ཆེན་པོ་བྱུང་ཡོད་ནའང༌། འདས་པའི་ལོ་ངོ་གཅིག་ནང་བོད་མི་ཚང་མས་ཆིག་བསྒྲིལ་དང་ཕྱར་གྲུ་མཉམ་འདེགས་གནང་བའི་འབྲས་བུར་འཐུས་ཤོར་ཆེ་བ་བྱུང་མེད་ཅིང༌། ད་དུང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགོངས་གཞི་སྒྲུབ་ཐབས་དང༌། ལོ་རྒྱུས་རང་བཞིན་ཅན་གྱི་རླབས་ཆེའི་དགོངས་གཞི་དེ་ལམ་ལྷོངས་དང་སྲ་བརྟན་ཡོང་ཐབས་སུ་ཚང་མས་མུ་མཐུད་ཆིག་བསྒྲིལ་དང་ཕྱར་གྲུ་མཉམ་འདེགས་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།

ྋགོང་ས་མཆོག་གིས་སྐུ་ངལ་འཛེམས་མེད་ཀྱིས་འཚེ་བ་མེད་པ་དང༌། བྱམས་བརྩེ། འགྲོ་བ་མིའི་བཟང་སྤྱོད་བཅས་གོང་སྤེལ་གཏོང་ཐབས། ཆོས་ལུགས་ནང་ཁུལ་མཐུན་འབྲེལ་གོང་སྤེལ་གཏོང་ཐབས། དེ་བཞིན་བོད་མིའི་བདེན་དོན་སྒྲུབ་ཐབས་བཅས་ཀྱི་ཆེད་འཛམ་གླིང་ཡུལ་གྲུ་གང་སར་ཆིབས་བསྒྱུར་བསྐྱངས་དང་སྐྱོང་མུས་ཡིན་པ་དང༌། ྋགོང་ས་ཆེན་པོའི་མཛད་རྗེས་བླ་ན་མེད་པ་དེ་དག་ལ་གུས་བཀུར་དང་ངོས་འཛིན་ཞུ་སླད་འཛམ་གླིང་ནང་སྙན་གྲགས་ཆེ་ཤོས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱིས་གཙོས་གཟེངས་རྟགས་ཤིན་ཏུ་མང་པོ་འབུལ་བཞེས་མཛད་ཡོད། འདི་ལོར་ཆོས་ལུགས་ཀྱི་གཟེངས་རྟགས་མཐོ་ཤོས་སུ་བརྩི་བའི་ཊེམ་པལ་ཊོན་གཟེངས་རྟགས་ཀྱང་འབུལ་བཞེས་མཛད་པ་དང༌། དེ་འབུལ་དགོས་པའི་རྒྱུ་མཚན་དུ་གཟེངས་བསྟོད་བསྒྲགས་གཏམ་ནང་ ཚན་རིག་དང་རང་ཉིད་ཀྱི་ཆོས་ལུགས་ལས་ཆེས་ཕ་རོལ་ཏུ་བརྒལ་བའི་སྐྱེས་བུའི་དབར་འབྲེལ་སྐྱོང༌། དེ་ཡང་འདས་པའི་ལོ་ ༢༥ ནང་ཚན་རིག་དང་ནང་པའི་ཆོས་ལུགས་གཉིས་ཀྱི་བརྟག་དཔྱད་བྱེད་ཐབས་དབར་ཞིབ་བསྡུར་གྱིས་འཛམ་གླིང་གི་གཞི་རྩའི་དཀའ་ངལ་སེལ་ཐབས་ཇི་ཡོད་ཉམས་ཞིབ་དགོས་པའི་ལམ་སྟོན་སྐུལ་འདེབས་གནང་ཡོད། ཅེས་འཁོད་ཡོད། ལྷག་པར་རྒྱ་ཕྱོགས་ནས་འགལ་རྐྱེན་གནོན་ཤུགས་ཇི་ཙམ་བྱས་མིན་ལ་མ་ལྟོས་པར་ཉེ་ལམ་ྋགོང་ས་མཆོག་དང་རྒྱལ་སྤྱིའི་ཆབ་སྲིད་འགོ་འཁྲིད་དང་གནད་ཡོད་མི་སྣ་མཇལ་འཕྲད་ཞུ་མཁན་ཇེ་མང་དུ་འགྲོ་བཞིན་པ་སོགས་མཛད་འཕྲིན་སྔར་ལྷག་རྒྱས་བཞིན་ཡོད་པ་ཚང་མས་མཁྱེན་གསལ་ལྟར་ཡིན། ྋགོང་ས་ྋསྐྱབས་མགོན་ཆེན་པོས་འཛམ་གླིང་ཡུལ་གྲུ་གང་ས་དང་ལྷག་པར་རང་ཅག་བོད་མི་ཡོངས་ལ་བསྩལ་བའི་འཕྲལ་ཡུན་ཀུན་ཏུ་དགེ་བའི་བཀའ་སློབ་རྣམས་ལ་གཟུ་བོར་གནས་པའི་ཕྱི་ནང་སློབ་འབངས་ས་ཡ་མང་པོ་དང་རྒྱ་ནག་སྐམ་ས་ཆེན་པོའི་རྒྱ་རིགས་འབུམ་ཕྲག་མང་པོའི་ཡིད་དབང་འཕྲོག་བཞིན་ཡོད་ན། རང་ཅག་བོད་མི་རྣམས་ཀྱིས་ྋགོང་ས་ཆེན་པོའི་བཀའ་སློབ་ལམ་སྟོན་རྣམས་ལ་སློབ་སྦྱོང་དང་ཉམས་ལེན་ངེས་པར་དུ་ཞུ་དགོས་པའི་འབོད་སྐུལ་བསྐྱར་ནན་ཞུ་རྒྱུ་ཡིན།

ྋགོང་ས་མཆོག་གིས་རྒྱུན་དུ་བཀའ་གནང་གི་ཡོད་པ་ལྟར་དོན་གྱི་བདག་པོ་བོད་ནང་ཡོད་པའི་བོད་མི་ཚོ་ཡིན་པ་དེར་བཀའ་ཤག་གི་ངོས་ནས་ཀྱང་དེ་ལྟར་ངོས་འཛིན་བྱེད་བཞིན་ཡོད། རྒྱ་ནག་གིས་བོད་བཙན་བཟུང་བྱས་ནས་མི་ལོ་ལྔ་བཅུ་ལྷག་སོང་ཡོད་ནའང་བོད་མིའི་སྙིང་སྟོབས་ནམ་ཡང་ཞུམ་པ་མེད་པར་རང་དབང་གི་མངོན་འདོད་མ་དོར་བར་གནས་ཡོད། དེ་ཡང་རིག་གནས་གསར་བརྗེའི་དུས་སྐབས་སྡུག་ཤོས་རིང་ལའང་བོད་མིའི་སྙིང་སྟོབས་གཏོར་བརླག་གཏོང་ཐུབ་མེད་པ་དང༌། ལོ་རབས་བརྒྱད་བཅུའི་ལོ་མཇུག་ཏུ་བོད་ནང་རྒྱ་ནག་གི་བཙན་གནོན་ལ་བོད་མིའི་ཞི་བའི་ངོ་རྒོལ་དང༌། ལྷག་པར་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་རྒྱ་ནག་གི་སྲིད་བྱུས་ལ་ཞི་བའི་གྱེན་ལངས། དེ་བཞིན་བོད་ཀྱི་བསྟན་སྲིད་རྩ་དོན་ཆེད་ཕྱི་ལོ་ ༢༠༠༩ ནས་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་རིམ་པར་བྱུང་དང་འབྱུང་བཞིན་པ་དེས་བོད་ཕྱི་ནང་གཉིས་སུ་བོད་མི་རིགས་ཀྱི་ལ་རྒྱ་དང༌། བོད་མིའི་ངོ་བོ་དང་སྙིང་སྟོབས་ཀྱི་རྣམ་པ་ཤིན་ཏུ་གསལ་པོར་ཐོན་ཡོད།

ཁྱད་པར་ད་ལྟའི་དུས་སྐབས་འདིར་འདས་པའི་ལོ་བརྒྱ་ཕྲག་མང་པོའི་ནང་བྱུང་མ་མྱོང་བའི་ཆོལ་གསུམ་བོད་རིགས་ཡོངས་རྫོགས་རྡོག་རྩ་གཅིག་བསྒྲིལ་གྱི་གོང་བུའི་ནུས་པ་སྲ་བརྟན་དུ་གྱུར་ཡོད་པ་དང༌། འཛམ་གླིང་མཐའ་དབུས་གང་སར་བོད་ཀྱི་བདེན་དོན་དང་བོད་མིའི་ཆོས་དང་རིག་གཞུང་ལ་དགའ་མོས་དང་དོ་སྣང་བྱེད་མཁན་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པ་སོགས་ནི་ཆེས་ངོ་མཚར་དང་དགའ་སྤོབས་བྱེད་འོས་ཀྱི་གནས་ཚུལ་འདི་དག་ཐམས་ཅད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་གང་ཉིད་ཀྱི་དབུ་འཁྲིད་ལམ་སྟོན་དང་མཛད་འཕྲིན་ཁོ་ནར་བརྟེན་ནས་བྱུང་བ་ཡིན་པས། ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གང་ཉིད་ནི་ྋརྒྱལ་དབང་ལྔ་པ་ཆེན་པོས་བོད་ཁམས་ཡོངས་རྫོགས་གཅིག་བསྒྲིལ་དབང་བསྒྱུར་མཛད་པ་དང༌། ྋརྒྱལ་དབང་བཅུ་གསུམ་པ་ཆེན་པོས་བོད་དང་རྒྱལ་སྤྱིའི་དབར་འབྲེལ་བ་བཙུགས་ཏེ་བོད་དེ་དེང་རབས་ཅན་དུ་བསྒྱུར་ཐབས་མཛད་པ། མདོར་ན་ྋགོང་ས་སྐུ་ཕྲེང་ལྔ་པ་ཆེན་པོའི་རྒྱལ་ནང་གི་མཛད་པ་དང༌། ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་ཕྱི་འབྲེལ་གྱི་མཛད་པ་གཉིས་གཅིག་ཏུ་བསྡོམས་པའི་མཛད་པ་བསྐྱངས་དང་སྐྱོང་བཞིན་པར་བདག་ཅག་གཞིས་བྱེས་བོད་མི་ཡོངས་ནས་བཀའ་དྲིན་བླ་ལྷག་ཏུ་ཆེ་ཆེ་ཆེ་ཞེས་ཞུ་རྒྱུ་ཡིན། དེས་ན་ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་གང་ཉིད་ནི་བོད་ཀྱི་ལོ་རྒྱུས་ནང་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་མཛད་འཕྲིན་རྒྱས་ཤོས་ཤིག་ཏུ་གྱུར་ཡོད།

དེ་ལྟ་ནའང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་རླབས་ཆེན་གྱི་མཛད་འཕྲིན་སྤྱི་དང༌། ལྷག་པར་མགོན་པོ་གང་ཉིད་ཀྱི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་འཁྲིད་ལ་རྩིས་སྤྲོད་མཛད་ནས་དུས་ཡུན་རིང་པོར་མ་སོང་བའི་གཉན་འཕྲང་གི་རང་བཞིན་ལྡན་པའི་དུས་སྐབས་འདིར། བསམ་སྦྱོར་གནག་པའི་ཕྱི་ནང་གི་སྡེ་ཚོགས་འགའ་ཤས་ཀྱིས་གོ་སྐབས་བཟུང་སྟེ་ྋགོང་ས་ཆེན་པོའི་བཞེད་དགོངས་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཐོག་གང་ཅིའི་འགལ་རྐྱེན་བར་ཆད་རྩོམ་སྲིད་པས། འབྱུང་འགྱུར་ལོ་ཤས་རིང་རང་ཅག་འབྲེལ་ཡོད་ཚང་མས་དོགས་ཟོན་དང་ཡིད་གཟབ་གནང་གལ་ཤིན་ཏུ་ཆེ། བྱེ་བྲག་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ཉུང་ཤས་ཀྱིས་ྋགོང་ས་ཆེན་པོར་གཞི་མེད་མཚན་སྨད་ཞུ་རྒྱུ་དང༌། རྒྱ་ནག་གཞུང་གི་ངན་བྱུས་འོག་ནས་བོད་མི་སྤྱིའི་རྩ་དོན་ལ་གནོད་གཞིའི་ལས་འགུལ་ཁག་ཅིག་སྤེལ་བཞིན་ཡོད་པ་ནི་ཆེས་བློ་ཕམ་འོས་པའི་གནས་ཚུལ་ཞིག་རེད། དེར་བརྟེན་བོད་མི་རྣམས་ནས་དུས་དང་རྣམ་པ་ཀུན་ཏུ་ྋགོང་ས་ྋསྐྱབས་མགོན་ཆེན་པོར་རྒྱབ་གཏོད་བྱེད་མཁན་གྱི་ཚོགས་སྒེར་རིགས་དང་ཕ་རོལ་པོའི་ངན་བྱུས་གཡོ་འཕྲུལ་གྱི་མགོ་སྐོར་བསླུ་འཁྲིད་འོག་མ་ཚུད་པའི་སྤྱང་གྲུང་དང་ཡིད་གཟབ་ངེས་པར་གནང་དགོས་པའི་དྲན་སྐུལ་ནན་པོ་ཞུ་རྒྱུ་ཡིན།

འདི་ལོའི་ཕྱི་ཟླ་ ༨ ཚེས་ ༨ ཉིན་བཀའ་བློན་ཁྲི་པས་ལས་ཁུར་དམ་འབུལ་ཞུས་ཏེ་ལོ་གཅིག་ཧྲིལ་པོར་འཁོར་རྒྱུ་དང༌། དེ་ཉིན་སྐུའི་བླ་གཟའ་ཡང་འཁེལ་རྒྱུའི་དུས་སྟབས་དང་བསྟུན་ཏེ། སྤྱིར་བོད་མིའི་སེམས་ཤུགས་དང་སྙིང་སྟོབས་གོང་མཐོར་སྤེལ་སླད་དང༌། ལྷག་པར་བོད་བསྟན་སྲིད་ཀྱི་དོན་དུ་རང་སྲོག་བློས་བཏང་གནང་མཁན་རྣམས་དང༌། ད་ལྟ་བོད་ནང་མནར་གཅོད་མྱོང་བཞིན་པའི་བོད་རིགས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་སླད་འཛམ་གླིང་ཡུལ་གྲུ་གང་སར་དམིགས་བསལ་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན།

རིང་མིན་ཕྱི་ཟླ་ ༩ པའི་ཚེས་ ༢༥ ནས་ ༢༨ བར་ཉིན་བཞིའི་རིང་བོད་ནང་གི་ཛ་དྲག་གནས་སྟངས་ལ་བོད་གཞུང་མང་གཉིས་ནས་ལས་དོན་གནང་ཕྱོགས་སྐོར་གོ་བསྡུར་གནང་ཆེད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་ཆ་རྐྱེན་འོག་ནས་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་བསྐོང་ཚོགས་གནང་གཏན་འཁེལ་ཡོད་པ་ལྟར་བོད་མིའི་བདེན་དོན་འཐབ་རྩོད་རྒྱུན་སྐྱོང་བྱེད་ཐབས་སོགས་ཀྱི་སྐོར་གོ་བསྡུར་ཞིབ་ལྷུག་ཡོང་རྒྱུ་རེད། དེའི་སྐབས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བོད་གཞུང་མང་གཉིས་ནས་བརྟན་བཞུགས་ཤིག་ཀྱང་བསྟར་འབུལ་ཞུ་རྒྱུ་ཡིན།

བཀའ་ཤག་གི་ངོས་ནས་ྋགོང་ས་མཆོག་གི་དགོངས་གཞི་ལྟར་མང་གཙོ་དང༌། འཚེ་བ་མེད་པ། དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་མེད། དེར་བརྟེན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་པེ་ཅིང་ནས་མོས་མཐུན་བྱེད་དགོས་པར་ནན་བརྗོད་བྱ་རྒྱུ་ཡིན། འབྲེལ་མོལ་གྱི་ལམ་ནས་བོད་དོན་དཀའ་རྙོག་སེལ་ཐབས་བྱ་རྒྱུ་དེ་ཉིད་ཐབས་ལམ་བཟང་ཤོས་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་ཐོག ང་ཚོས་ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་བར་བརྩི་བཞིན་ཡོད་ན་ས་གནས་དང་དུས་ཚོད་གང་དུའང་དོན་ཕན་ལྡན་པའི་འབྲེལ་མོལ་བྱ་རྒྱུ་དང༌། དེའི་ཆེད་དུ་དམིགས་བསལ་སྐུ་ཚབ་བསྐོ་འཛུགས་བྱ་རྒྱུ་སོགས་སྐབས་འབྲེལ་ལས་དོན་གང་དགོས་ཞུ་རྒྱུའི་གྲ་སྒྲིག་ཡོད།

ད་རིང་གི་གོ་སྐབས་འདི་བརྒྱུད་རྒྱ་གར་དབུས་སའི་གཞུང་མང་གཉིས་ནས་བོད་མི་ཚོར་འདས་པའི་ལོ་ལྔ་བཅུ་བརྒལ་བའི་རིང་གང་ཅིའི་ཐད་མཐུན་འགྱུར་རོགས་རམ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། དེ་བཞིན་རྒྱལ་སྤྱིའི་ནང་བོད་མིར་རྒྱབ་སྐྱོར་རོགས་རམ་གནང་མཁན་ཚང་མར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

མཐའ་དོན་ྋགོང་ས་ལྔ་པ་ཆེན་པོས་བོད་ཁམས་གཅིག་བསྒྲིལ་གནང་ཐུབ་པ་དང༌། ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་རྒྱ་གར་ནས་བོད་ལ་ཕྱིར་ཕེབས་གནང་ཐུབ་པ་བྱུང་བ་ལྟར། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཀྱང་བོད་ཀྱི་རྩ་དོན་ཆེད་རང་སྲོག་བློས་བཏང་གནང་མཁན་རྣམས་ཀྱིས་གཙོས་བོད་མི་ཡོངས་ཀྱི་རེ་བ་ལྟར་ཕོ་བྲང་པོ་ཏཱ་ལར་ཞབས་སོར་མགྱོགས་མྱུར་བདེ་འཁོད་ཐུབ་པ་དང༌། མགོན་པོ་གང་ཉིད་སྐུ་ཚེ་ྋཞབས་པད་བསྐལ་བརྒྱར་བརྟན་ཅིང༌། ཐུགས་ཀྱི་བཞེད་དོན་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པ། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས། བཀའ་ཤག་གིས་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༦ ལ།། །།