མདུན་ཤོག » ༧གོང་ས་་མཆོག » གསར་གནས། » གསུང་འཕྲིན་ཁག » གསུམ་བཅུའི་དུས་དྲན། » སྤྱི་འཐུས་ལྷན་ཚོགས། »

གསུམ་བཅུའི་དུས་དྲན་ཐེངས་ ༥༣ པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

དེ་རིང་འདིར་ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་ཐེངས་ ༥༣ པ་འདི་སྨག་རུམ་མཐུག་པོ་ཞིག་གི་འོག་ཏུ་ང་ཚོས་སྲུང་བརྩི་བྱེད་བཞིན་པ་སྟེ། བོད་དུ་འདས་མ་ཐག་པའི་ལོ་གཅིག་ནང་བོད་མི་ ༢༥ ཡིས་རང་ལུས་མེར་བསྲེགས་བཏང་སྟེ། བོད་མི་ ༡༩ འདས་གྲོངས་སུ་གྱུར་ཡོད་པ་དང་། བོད་མི་ ༨ རྒྱ་ནག་ཉེན་རྟོག་པས་གང་བྱུང་དུ་མེ་མདའ་བརྒྱབ་སྟེ་དམར་གསོད་བཏང་ཡོད།

འཚིགས་བསྲེགས་ཐེབས་མཁན་གཞན་ཚོའི་གནས་སྟངས་ཇི་ཆགས་གོ་མེད་ཚོར་མེད་ཆགས་པ་དང་། བོད་མི་མང་དག་ཅིག་བཙོན་དུ་བཅུག་པ། མང་དག་ཅིག་གར་སོང་ཆ་མེད་དུ་གྱུར་པའི་གནས་ཚུལ་རྒྱུན་མར་ཐོན་ཡོད། ད་ལྟ་ང་ཚོ་འདི་གར་འདུ་འཛོམས་བྱེད་བཞིན་པའི་སྐབས་སུའང་བོད་ནང་གི་ཉག་ཕྲ་བའི་གནས་སྟངས་གང་འདྲ་ཡོད་མེད་ཚོད་དཔག་བྱེད་ཐུབ།

ཕྱི་ལོ་ ༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་སོང་སྟེ། ༢༠༠༩ ལོར་ཞིང་པས་སོ་ནམ་མཚམས་འཇོག་གི་བསྟུན་གཤིབ་མི་བྱེད་པའི་ངོ་རྒོལ་དང། ༢༠༡༠ ལོར་སློབ་ཁྲིད་སྐད་ཡིག་རྒྱ་སྐད་འཇོག་རྒྱུའི་སྲིད་ཇུས་ལ་སློབ་ཕྲུག་ནས་ངོ་རྒོལ་སོགས་བོད་ནང་ད་ལྟའི་བར་དུ་རྣམ་པ་ཅི་རིགས་ཀྱི་ཞི་རྒོལ་ལས་འགུལ་མང་དག་མུ་མཐུད་བྱུང་དང་འབྱུང་བཞིན་ཡོད་ཅིང་། རང་ལུས་མེར་བསྲེགས་ཀྱི་ལས་འགུལ་ནི་གྲྭ་བཀྲ་བྷེས་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་ཐོག་མར་བརྩམས་པ་ཞིག་ཡིན།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བོད་མི་རིགས་ཀྱི་དོན་དུ་ལུས་སྲོག་བློས་བཏང་གནང་བའི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་དང་། དེ་དག་དལ་རྟེན་རིམ་བརྒྱུད་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པའི་སྨོན་འདུན་དང་། ད་ལྟའང་བཙན་འོག་ཏུ་མུ་མཐུད་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན། ཁོང་ཚོས་རྩ་ཆེའི་གཅེས་སྲོག་དོར་བ་ཆུད་ཟོས་སུ་མི་འགྲོ་བའི་ཕྱིར་ང་ཚོ་ཚང་མའི་ངོས་ནས་བོད་བསྟན་སྲིད་ཆེད་མཉམ་རུབ་ཐོག་ཧུར་བརྩོན་བྱེད་དགོས།

ཞི་བདེ་ལ་དགའ་བའི་བོད་མི་ཚོས་འདི་ལྟ་བུའི་དཀའ་སྡུག་མང་དག་དང་ལེན་གནང་དགོས་དོན་གང་ཡིན་ནམ་ཞེ་ན། དེ་ནི་རང་དབང་ལྡན་པའི་རྒྱལ་ཁབ་གཞན་གྱི་མི་དམངས་ཚོས་ལོངས་སུ་སྤྱོད་བཞིན་པའི་ལུས་ངག་ཡིད་གསུམ་གྱི་རང་དབང་ལ་གཅིག་མཚུངས་སུ་རོལ་ཐུབ་པའི་ཕྱིར་ཡིན་ལ། དེ་ནི་འགྲོ་བ་མིའི་ལྷན་སྐྱེས་ཀྱི་ཐོབ་ཐང་རེད། སྤྱིར་ན་གནས་སྟངས་ཛ་དྲག་ལ་གདོང་ལེན་བྱེད་སྐབས། མི་ཕལ་ཆེ་བ་ཁྱོད་ཤི་ང་གསོན་གྱི་འཚེ་བའི་ལམ་ལ་འཇུག་ཀྱང་། སོ་སོའི་གཅེས་པའི་རང་ལུས་མེར་བསྲེགས་གཏོང་བ་ལ་གཡོ་བ་མེད་པའི་ཆོད་སེམས་དང་ཞུམ་པ་མེད་པའི་སྙིང་སྟོབས་ཡོད་དགོས་ཤིང་། ལྷག་པར་དུ་གཞན་དོན་སླད་རང་ཉིད་བློས་གཏོང་གི་བྱ་གཞག་དེ་རིགས་ལ་བསམ་གཞིགས་གཏིང་ཟབ་བརྒྱུད་ཐག་གཅོད་བྱེད་དགོས་པ་ཞིག་ཡིན། རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོ་ཡིས་གཞན་གྱི་ཚེ་སྲོག་དང་རྒྱུ་ནོར་ལ་གནོད་རྐྱེན་ཏིལ་འབྲུ་ཙམ་ཡང་བཟོས་མེད་པའི་བློས་བཏང་དེ་རིགས་འཇིགས་སྐུལ་རིང་ལུགས་པར་བརྩི་གི་ཡོད་ཅེས་བསྒྲགས་པ་ནི་འབྲེལ་མེད་འཁྱོག་བཤད་ཀྱིས་དོན་དངོས་སྦ་འགེབས་དང་གཡོལ་ཐབས་ཀྱི་བཤད་སྟངས་ཤིག་ལས་མ་འདས།
རྒྱ་ནག་ནང་དུའང་ངོ་རྒོལ་ཁྲི་ཕྲག་མང་པོ་ཡོང་གི་ཡོད། འོན་ཀྱང་རྒྱ་མི་རིགས་ཡིན་ན་མཆིལ་འདོན་རྫས་རླངས་དང་། བོད་མི་རིགས་ཡིན་ན་མེ་མདའ་བརྒྱབས་ཏེ་ངོ་རྒོལ་འགོག་ཐབས་བྱེད་ཀྱི་ཡོད། བོད་མི་ཚོར་དབུགས་ངལ་གསོ་བའི་གོ་སྐབས་ཤིག་ག་དུས་ཤར་གྱི་རེད་དམ། བོད་མིའི་འདོད་འདུན་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང་།

རང་དབང་ཐོབ་རྒྱུ་དེ་ཡིན། གཉིས་མོས་ཀྱི་མཐའ་འདུམ་ཐབས་ཤེས་ཤིག་མ་རྙེད་བར་དུ་བོད་མི་ཅི་ཙམ་ནས་རང་སྲོག་འདོར་དགོས་སམ། ཡང་ན་རྒྱ་ནག་གི་བོད་ཀྱི་རིག་གཞུང་རྩ་གཏོར་གྱི་སྲིད་ཇུས་འོག་བོད་ཡོངས་རྫོགས་རྩ་མེད་དུ་འགྲོ་རྒྱུ་ཡིན་ནམ། འགྲོ་བ་མི་ཡོངས་སུ་རྫོགས་པ་ཕོ་མོ་དང་རིགས་རྒྱུད། ཤ་མདོག དབུལ་ཕྱུག ཆབ་སྲིད་ཀྱི་ལྟ་གྲུབ་ཇི་ཡིན་ལ་མ་ལྟོས་པར་ཚང་མ་བདེ་བ་འདོད་པ་ཤ་སྟག་ཡིན་པས། སོ་སོའི་ཆོས་དང་རིག་གཞུང་། སྐད་ཡིག འཚོ་བ་སྐྱེལ་སྟངས་སོགས་རང་དབང་ངང་ཉམས་སུ་ལེན་རྒྱུ་ནི་བདེ་བའི་གཞི་རྩ་ཡིན། སྟབས་མ་ལེགས་པ་ཞིག་ལ། གཅིག་ལ་གཅིག་རྟེན་གྱི་འཇིག་རྟེན་འདིའི་ནང་སྐྱེ་བོ་གང་ཞིག་གི་བདེ་བ་གཞན་ལ་ལྟོས་དགོས་པའི་གནས་ལུགས་འདི་ཙམ་ཡང་དེང་དུས་རྒྱ་ནག་གི་འགོ་ཁྲིད་ཚོའི་ནང་ཤེས་མཁན་མི་འདུག། དངོས་ཡོད་གནས་སྟངས་ལ་སྡིག་པ་མིག་བཙུམ་གྱིས་གཡོལ་ཐབས་བྱས་ན་གྲུབ་འབྲས་ངན་པ་འབྱུང་ངེས་ཡིན་ཞིང་། མཐར་འགྱོད་པ་རྟས་མི་ཟིན་པའི་དུས་སུ་ཕྱིས་དྲགས་པ་རེེད།

བོད་དང་རྒྱ་ནག་གཉིས་གནའ་བོའི་དུས་ནས་མཛའ་མཐུན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ཞིང་། བོད་མི་ཚོས་རྒྱ་ནག་མི་མང་ལ་གནོད་འཚེ་བྱས་མྱོང་མེད་ལ། རྒྱ་ནག་གི་ཁེ་ཕན་ལའང་དོ་ཕོག་བཏང་མྱོང་མེད། བོད་དང་རྒྱ་ནག་གི་རྒྱལ་རབས་སོག་པོ་ཡོན་དང་། རྒྱ་ནག་མཱིང་། མན་ཇུ་ཆིན་བཅས་རིམ་བྱུང་བར་མཆོད་ཡོན་གྱི་འབྲེལ་བ་ཟབ་མོ་བྱུང་ཡོད། བོད་ཀྱི་འཛིན་སྐྱོང་ལ་ཁྱིམ་མཚེས་རྒྱལ་ཁབ་གཞན་སུ་ནས་ཀྱང་ཐད་ཀར་ཐེ་ཇུས་བྱས་རིགས་བྱུང་མེད་ཀྱང་། རྒྱ་ནག་དམར་ཤོག་གི་རྦ་རླབས་འོག་ཚུད་སྐབས་བོད་འདིའང་མའོ་ཡི་རྒྱ་བསྐྱེད་རིང་ལུགས་པའི་བཀྲེས་སྐོམ་གྱིས་ཁྱུར་མིད་བཏང་ཡོད།

བོད་ནང་དང་ཁ་གཏད་ཀྱི་དངོས་ཡོད་གནས་སྟངས་གཞིར་བཞག་སྟེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔྱད་གསུམ་དག་པའི་སྒོ་ནས་རང་བཙན་རྩོད་གནང་མ་མཛད་པར་བོད་ཀྱི་ས་ཁུལ་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་གཉིས་སྨན་དབུ་མའི་ལམ་བསྩལ་གནང་ཡོད་པ་དེས་རྒྱ་ནག་གི་གལ་ཆེ་ཤོས་སུ་འཛིན་པའི་བདག་དབང་གི་གནད་དོན་ལའང་སེམས་འཚབ་མི་དགོས་པ་བཟོས་ཡོད་ཅིང་། གྲོས་ཚོགས་སུ་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་སྲིད་ཇུས་འདི་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་བའི་རྗེས་སུའང་རྒྱུན་མཐུད་གནས་ཡོད། ང་ཚོའི་ངོས་ནས་བོད་ཀྱི་གནད་དོན་དེ་འཚེ་མེད་ཞི་བའི་ལམ་དང་ཕུགས་བརྟན་དཀའ་སེལ་གྱི་སྲིད་ཇུས་རྒྱུན་མཐུད་རྒྱུར་ཆོད་སེམས་བརྟན་པོ་ཡོད། ཕྱི་ལོ་ ༢༠༠༢ ནས་བཟུང་ད་བར་བོད་རྒྱ་འབྲེལ་མོལ་ཐེངས་ ༩ བྱས་པར་དོན་ཕན་ལྡན་པའི་གྲུབ་འབྲས་སོན་མེད་པའི་རྒྱུ་མཚན་གཙོ་བོ་ནི་རྒྱ་ནག་འགོ་ཁྲིད་ཚོའི་མཁྲེགས་བཟུང་གི་ལྟ་བ་ལ་བརྟེན་ནས་ཡིན། རྒྱ་ནག་གི་བསམ་པར། ཁོ་བ་ཚོས་ཕྱི་འབྲེལ་དང་ཆབ་སྲིད་ཀྱི་སྟེང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང། བཙན་བྱོལ་བོད་མིའི་ལས་འགུལ་རྣམས་འགོག་ཐུབ་པ་ཡིན་ན། བོད་ནང་གི་བོད་མི་རྣམས་མེ་མདས་ཁ་དྲ་གཡོག་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད།

ང་ཚོའི་ཕྱོགས་ནས་རྒྱ་གཞུང་གི་རེ་འདུན་ལྟར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ནས་གཏན་ལ་ཕབ་པའི་རྒྱ་ནག་གི་རྩ་ཁྲིམས་དང་། མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ཀྱི་ནང་དོན་གཞིར་བཟུང་ཡིག་ཐོག་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་། རྒྱ་གཞུང་གི་འགྲེལ་ལོག་ལ་གསལ་བཤད་བཅས་སྔ་རྗེས་སུ་ཕུལ་ཡང་རྒྱ་གཞུང་ནས་བཟང་ཕྱོགས་ཀྱི་ཡ་ལན་མེད་པར་ད་ལྟ་བོད་རྒྱ་འབྲེལ་མོལ་མཚམས་ཆད་ཡོད། བཅའ་ཁྲིམས་ཀྱི་དོན་སྙིང་ནི་བཅའ་ཁྲིམས་གཏན་འབེབས་བྱ་རྒྱུ་ཙམ་མིན་པར་ལག་ལེན་བསྟར་རྒྱུ་དེ་ཡིན། བོད་རྒྱ་གཉིས་ཀྱི་ཁེ་ཕན་ཆེད། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཞི་འཇགས་དང་དུས་གཏན་དུ་འདུམ་འགྲིག་ཡོང་ཕྱིར་རྒྱ་ནག་གི་འགོ་འཁྲིད་ཚོས་ཆོད་སེམས་དང་རྣམ་དཔྱོད་ལྡན་པའི་ཐོག་ནས་བོད་མིའི་སྐུ་ཚབ་ལྷན་འཕྲལ་དུ་འབྲེལ་མོལ་བསྐྱར་གསོ་བྱས་ཏེ། ཕན་ཚུན་གཉིས་མོས་ཀྱི་དཀའ་སེལ་ཐབས་ལམ་འཚོལ་དགོས། བོད་ཀྱི་གནད་དོན་དྲང་བདེན་གྱི་ཐོག་ནས་སེལ་ཐུབ་པ་ཡིན་ན་ས་འབྲེལ་འཐབ་ཇུས་བརྟན་ལྷིང་སོགས་ཕྱོགས་མང་པོར་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་ངེས་ཡིན།

རྒྱ་གཞུང་གི་སྲིད་གྲོས་ཚོགས་གཙོ་ཅཱ་ཆིན་ལིན་གྱིས་ཉེ་ཆར་དམངས་འཐུས་དང་སྲིད་གྲོས་ཚོགས་ཆེན་གྱི་སྔ་ནུབ་ཏུ། བོད་ནང་ངོ་རྒོལ་ཇི་བྱུང་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་མིས་བརྒྱུད་སྐུལ་བྱས་ལུགས་གཞི་རྩ་མེད་པའི་བསྙོན་འཛུགས་བྱས་པ་ནི་དགོད་བྲོ་བ་ཞིག་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞེངས་ཕྱོགས་གང་ཡིན་འཛམ་གླིང་ཧྲིལ་པོར་ས་རིས་ཐང་གསལ་ཡིན། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་ལས་གནང་སྟངས་ཕྱི་གསལ་ནང་གསལ་ཡིན་པ་དང་།

རྒྱ་གཞུང་འགོ་ཁྲིད་ཚོ་ང་ཚོའི་ལས་ཁུངས་ཁག་ཏུ་སྔོག་བཤེར་བྱེད་དུ་ཡོང་ཆོག་ཅེས་དེ་སྔ་ནས་ཡང་ཡང་གསལ་བཤད་ཟིན་པ་ཡིན། དུས་མཚུངས་སུ་རྒྱ་ནག་གཞུང་གིས་བོད་ནང་དུ་བོད་མིའི་ངོ་བོ་རྩ་མེད་བཟོ་ཐབས་ཀྱི་སྲིད་ཇུས་དང་ལས་འཆར་འདྲ་མིན་སྤེལ་མུས་སུ་ཡོད་ཅིང་། མན་ཇུ་ལ་སྲིད་ཇུས་དེ་ལམ་ལྷོངས་གང་འཚམས་བྱུང་ཡོད་ཁར། ད་ལྟ་བོད་དང་ཡུ་གུར། ནང་སོག་བཅས་སུ་ལག་བསྟར་བྱེད་མུས་རེད།

འདས་པའི་ལོ་ངོ་ ༦༠ ནང་། སྔ་མོའི་བོད་གང་ཡིན་པ་དེ་ཕལ་ཆེར་གཏོར་བཤིག་བཏང་ཡོད། དེ་ཡང་རྒྱ་གཞུང་གི་མི་འབོར་གནས་སྤོས་ཀྱི་སྲིད་ཇུས་གཞིར་བཟུང་བོད་ནང་རྨང་གཞིའི་འཛུགས་སྐྲུན་དང་། གང་བྱུང་དུ་གཏེར་ཁ་སྔོག་འདོན། དེ་བཞིན་གྲོང་ཁྱེར་ཅན་དུ་བསྒྱུར་བའི་ལས་གཞི་སོགས་ཀྱིས་བོད་ཀྱི་གྲོང་དང་གྲོང་བརྡལ་ཁག་ཏུ་རྒྱ་མིའི་གྲངས་འབོར་བོད་མི་ལས་བརྒལ་བ་དང་ ཕྱི་ནས་གནས་སྤོས་བྱས་པའི་གཏེར་སྔོག་ཁེ་ལས་ཆགས་ཡུལ་གྲོང་བརྡལ་ལྟ་བུ་བོད་ཡུལ་གང་སར་ཐང་མར་བརྡལ་ཡོད། བོད་མི་རྣམས་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་སོགས་གང་ཅིའི་ཐོག་མཐར་འབུད་བཏང་སྟེ། རིང་པོ་མི་ཐོགས་པར་བོད་ནང་རྒྱའི་མི་འབོར་ཚང་ཚིང་འཁྲིགས་པའི་ཁྲོད་དུ་བོད་མི་རྣམས་རང་ཡུལ་དུ་བོད་མིའི་གྲོང་བརྡལ་ཟུར་བཀག་ས་ཁོངས་སུ་འཚོ་སྡོད་དགོས་པ་ཆགས་ཉེན་ཆེ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲུའུ་ཝེ་ཆོན་ནས་ཉེ་ཆར་རྒྱ་ནག་གི་ཚགས་ཤོག་ཅིག་ནང་། རྒྱལ་ཞེན་གོང་འཕེལ་གཏོང་ཆེད་མི་རིགས་ཀྱི་ངོ་བོ་བློས་བཏང་དགོས་ལུགས་ཀྱི་བརྗོད་བབ་དེ་ནི་བསྒྱེལ་བའི་སྒང་ལ་རྡོག་རྫིས་གཏོང་བ་ལྟར་འཇིགས་ཡེར་བའི་ངན་ལྟས་ཤིག་ཡིན།

དཔེར་ན་སོ་སོའི་ལས་ཀ་མི་གཞན་གྱིས་འཕྲོག་པ་དང། རང་དབང་གི་གོ་སྐབས་མེད་པར་བཟོས་ཏེ་རང་གི་ཕ་ཡུལ་དུ་གྲལ་རིམ་གཉིས་པའི་མི་སེར་ཆགས་པ་ཡིན་ན་ཁྱོད་རང་ཚོ་ལ་ཚོར་བ་ཅི་ཞིག་འབྱུང་ངམ། རྒྱ་གཞུང་གིས་རྒྱ་རིགས་བོད་དུ་གནས་སྤོ་བྱེད་མཁན་ལ་དམིགས་བསལ་གྱི་ལྟ་སྐྱོང་བྱས་ཏེ་གླ་ཕོགས་སྤར་ཆ་དང་། གནས་སྤར། དེ་དག་གི་ཕྲུ་གུ་ཚོ་ལ་རིན་མེད་སློབ་འཇུག་དང་། གཞུང་གི་ལས་ཀ་སྤྲོད་ཀྱི་ཡོད། དེ་ལྟ་བུའི་མི་རིགས་དབྱེ་འབྱེད་ཀྱི་བྱ་སྤྱོད་ནི་བོད་མིའི་སེམས་ཀྱིས་འཇུ་དཀའ་བ་ཞིག་རེད།

དེ་ལས་ལྷག་པར་བོད་མིའི་བསམ་བློར་བཟོད་གླགས་མེད་པའི་ཟུག་གཟེར་ལངས་པ་ཞིག་ནི་ཆོས་དད་རང་དབང་བཙན་འཕྲོག་བྱས་པ་དེ་ཡིན་ལ། བོད་མི་རིགས་ནི་ད་བར་དུས་རབས་བཅུ་གསུམ་རིང་ནང་པའི་ཆོས་ལ་དད་མོས་བྱས་ཏེ། མི་རིགས་ཀྱི་རིག་གཞུང་དང་མི་ཚེའི་འཚོ་བ་སྐྱེལ་སྟངས་བཅས་པར་ནང་ཆོས་ཀྱི་ལྟ་གྲུབ་གཏིང་ཚུགས་ནས་ཡོད་པ་དང་། དེའི་བག་ཆགས་དབང་གིས་རང་བྱུང་ཁོར་ཡུག་དང་མཛའ་མཐུན་མཉམ་གནས་ཀྱི་གོམས་གཤིས་བརྟན་པའི་མི་རིགས་ཤིག་ཡིན།

བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འདི་སྟོན་པ་ཤཀྱཱ་ཐུབ་པའི་བསྟན་པ་རྨང་གཞིར་བཟུང་བ་ཞིག་ཡིན་པས། ཆོས་ལུགས་གཞན་དང་ལྷན་དུ་འཛམ་གླིང་འདིར་བྱམས་བརྩེ་དང་། ཞི་བདེ་བསྐྲུན་ཐུབ་པའི་ནུས་པ་ཕུན་སུམ་ཚོགས་པོ་ལྡན་པ་ཞིག་ཀྱང་ཡིན། འདས་པའི་ ༦༠ ནང་བོད་དུ་ཁ་འཇམ་བསླུ་བྲིད་དང་། དྲག་རྩུབ། རྡུང་རྡེག་སྦྲགས་མར་སྤེལ་ཏེ་བོད་མིར་བདེ་སྐྱིད་བསྐྲུན་ཐུབ་མེད་པ་རྒྱ་གཞུང་ནས་ད་བར་ཤེས་རྟོགས་བྱུང་མེད། རྒྱ་གཞུང་གིས་མི་ལོ་ ༦༠ རིང་བོད་མིའི་ཀླད་པ་ཁྲུས་བཤལ་གྱི་སློབ་གསོ་སྤྲོད་ཐབས་བྱས་ཀྱང་། ད་ལྟའི་བོད་ལ་གཟིགས་དང། བོད་དུ་ལས་འགུལ་སྣེ་འཁྲིད་མཁན་ཕལ་མོ་ཆེ་སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་ཞལ་མཇལ་ཞུས་མ་མྱོང་མཁན་ནམ་རིག་གནས་གསར་བརྗེ་རྗེས་སུ་སྐྱེས་པའི་གཞོན་སྐྱེས་ཤ་སྟག་ཡིན།

དངོས་ཡོད་གནས་ཚུལ་ལ་གཟིགས་ན་རྒྱ་ནག་གུང་ཁྲན་ཚོགས་པའི་ནང་ཆོས་ལུགས་གང་རུང་ལ་དད་པ་བྱེད་མཁན་ས་ཡ་ ༡༣ ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པས། རྒྱ་གཞུང་གིས་ཆོས་ལུགས་ཚང་མར་ཆོས་དད་རང་དབང་སྤྲོད་དགོས་པའི་དུས་ལ་བབས་ཡོད། ཁྱད་པར་དུ་བོད་ཀྱི་ཤེས་ཡོན་བསྟི་གནས་ཁག་དང། ལྷ་ཁང་སོགས་ཡུལ་སྐོར་སྤྲོ་འཆམ་པའི་དགའ་སྣང་འདྲེན་བྱེད་ཙམ་དུ་བསྒྱུར་རྒྱུ་མཚམས་འཇོག་གནང་དགོས། བོད་ནང་ཡོངས་ཁྱབ་ཏུ་སྐྱིད་པོ་མེད་པའི་སྐབས་འདིར། དགོན་སྡེ་ཁག་གི་སྟོན་པའི་སྐུ་བརྙན་ལྷན་བཙན་དབང་གིས་རྒྱ་ནག་གི་འགོ་ཁྲིད་མའོ་དང། ཏེང། ཅང། ཧུའུ་བཅས་ཀྱི་པར་སྒྲིག་གཤོམ་བྱེད་དུ་བཅུག་ན་རྒྱ་ནག་འཆམ་མཐུན་སྤྱི་ཚོགས་སུ་ཇི་ལྟར་བསྒྱུར་ཐུབ་བམ། བོད་ཀྱི་དགོན་སྡེ་རྣམས་དམག་མིའི་ས་ཚུགས་སམ། དམར་ཤོག་ཚོགས་པའི་ཡན་ལག་ཁང་ལྟ་བུར་བསྒྱུར་ན་བོད་མིའི་སེམས་པ་ཇི་ལྟར་འགུག་གི་རེད་དམ། གལ་ཏེ་ཁྱོད་ཚོས་བོད་ཀྱི་གྲྭ་བཙུན་རྣམས་ལ་ཉིན་མཚན་ཁོར་མོ་ཡུག་ཏུ་འགྲོ་འོང་དམ་དྲག་དང་བྱ་ར་སྟངས་འཛིན་བྱེད་པ་ནང་བཞིན་ཁྱོད་ཚོར་དེ་ལྟར་བྱས་ན་ཚོར་སྣང་ཅི་ཞིག་བསྐྱེད་དམ།

གལ་སྲིད་བླ་ཆེན་ཚོའི་ཡང་སྲིད་ངོས་འཛིན་ལའང་ཆོས་མེད་རིང་ལུགས་པའི་གཞུང་ཞིག་གིས་ཆོག་མཆན་སྤྲོད་དགོས་ཀྱི་ཡོད་ན། ཆོས་དད་ཡོད་མཁན་ཞིག་ལ་ཚོར་བ་ཅི་ཞིག་འབྱུང་ངམ། བོད་མིའི་བསམ་བློའི་རྨ་ཁའི་ཐོག་ཚྭ་བླུགས་ཏེ་འཕུར་བྱུགས་བྱས་པ་ཡིན་ན་དེར་གདོང་རྒོལ་བྱེད་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་ཆོས་ཉིད་ཡིན། མིའི་ཆེ་མཐོང་ལ་རིན་ཐང་མེད་པར་གྱུར་སྐབས། དེར་ཤོར་བརླགས་འགྲོ་རྒྱུ་གང་ཡང་ལྷག་མེད།

བཙན་ཤེད་ཀྱིས་བོད་པའི་འབྲོག་པ་རྣམས་གྲོང་དང་གྲོང་བརྡལ་ཉེ་ཁུལ་དུ་གཞིས་སྒར་བཟོས་ཏེ་གཏན་སྡོད་བྱེད་དུ་བཅུག་པ་དེས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་རྐྱེན་ངན་པ་ཐེབས་པ་མ་ཟད། བོད་མིའི་སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་སྟངས་དང་མ་འོངས་པའི་མདུན་ལམ་ལ་དོ་ཕོག་ཆེན་པོ་ཕྱིན་ཡོད། རྒྱ་ནག་ཐེ་བའི་ཨེ་ཤ་ཡའི་ཁྱིམ་མཚེས་རྒྱལ་ཁབ་བཅུའི་ནང་འབབ་བཞིན་པའི་རྒྱུག་ཆུ་ཆེ་ཁག་བཞུར་རྒྱུད་འགོ་ཁུངས་སུ་དོ་དམ་ནུས་ལྡན་ཞིག་བྱེད་དགོས་ན། དེང་དུས་ཚན་རིག་ཞིབ་འཇུག་དང་། དུས་རབས་བརྒྱ་ཕྲག་དུ་མའི་རིང་བོད་མཐོ་སྒང་དུ་གནས་པའི་ཡུལ་བདག་བོད་མིའི་ས་ཆུ་བདག་གཅེས་ཀྱི་རྣམ་དཔྱོད་ཟུང་དུ་སྦྲེལ་ཏེ་བྱེད་དགོས། གཞི་རྒྱ་ཆེ་བའི་ལས་འཆར་འདིའི་ནང་། རྒྱ་གཞུང་གིས་བོད་མི་འབྲོག་པ་རྣམས་ཕྱིར་འདེད་བྱེད་པའི་ཚབ་ཏུ་ཁོ་ཚོ་སྐུལ་སློང་བྱས་ཏེ་རྩྭ་ཐང་ཉམས་གསོའི་ལས་རིམ་ཁྲོད་རྒྱ་གཞུང་དང་མཉམ་འབྲེལ་བྱེད་དུ་འཇུག་དགོས་ཤིང་། དེར་རྟེན་འབྲོག་པ་རྣམས་གནས་སྤོས་ཀྱི་ལས་རིམ་འདི་འཕྲལ་དུ་མཚམས་འཇོག་དགོས་ཐོག་གཞུང་གི་བཀོད་སྒྲིག་འོག་སྤྱི་ཚོགས་ཁ་བསྒྱུར་གྱི་ལས་གཞིའི་ལག་བསྟར་ཟིན་པའི་ཁྲོད་ཐད་ཀར་གྱོང་གུད་ཕོག་མཁན་བོད་མི་རྣམས་ལ་གུན་གསབ་ཚད་ལྡན་སྤྲོད་དགོས་པ་མ་ཟད། འབྲོག་པ་རྣམས་སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་སྟངས་ཀྱི་མདུན་ལམ་མུ་མཐུད་བརྟན་བརླིང་ངང་གནས་ཐུབ་པའི་མཐུན་རྐྱེན་སྦྱོར་དགོས།

རྒྱ་ནག་དཔལ་འབྱོར་དང་དམག་དོན་སོགས་ཀྱི་ཐད་ཡར་རྒྱས་འགྲོ་བཞིན་པར་སུས་ཀྱང་ཀླན་ཀ་བྱེད་ཀྱི་མེད། ད་ལྟའི་ཆར་འགན་འཁུར་ལྡན་པ་དང་། ཡིད་ཆེས་དང་གུས་བརྩི་འོས་པའི་རྒྱལ་སྤྱིའི་འགོ་འཁྲིད་ཅིག་ཏུ་སྒྱུར་རྒྱུའི་དུས་ལ་བབས་ཡོད། འོན་ཀྱང་ཡིད་ཆེས་ཞེས་པ་དེ་ཕན་ཚུན་དབར་བསམ་ཤེས་དང་གུས་བརྩི་བརྒྱུད་བསྐྲུན་དགོས་པ་ཞིག་ལས། བཙན་དབང་དང་འཇིགས་སྐུལ་གྱི་སྒོ་ནས་ཡོང་ཐབས་མེད། ཡིད་ཆེས་མེད་ན་འཆམ་མཐུན་དང་བརྟན་ལྷིང་གི་སྤྱི་ཚོགས་བསྐྲུན་མི་ཐུབ་ལ། གཞན་གྱི་གུས་བརྩི་ཐོབ་མིན་སོ་སོའི་བྱ་སྤྱོད་ལ་རག་ལས་པ་ཡིན། རྒྱ་ནག་རྒྱལ་ཡོངས་སུ་འཆམ་མཐུན་མངོན་འགྱུར་བྱེད་དགོས་ན། མི་མང་ལ་རང་དབང་སྤྲོད་དགོས་པ་དང་། རྒྱ་ནག་ལྷོ་མཚོ་ཡོངས་སུ་རྫོགས་པའི་བདག་དབང་རྩོད་པ་ལྟ་བུས་ཁྱིམ་མཚེས་རྒྱལ་ཁབ་ལྷན་དུ་འཆམ་མཐུན་བསྐྲུན་མི་ཐུབ། ང་ཚོའི་དབར་ཕན་ཚུན་ཡིད་ཆེས་བསྐྲུན་དགོས་ན། རྒྱ་གཞུང་ནས་ཐོག་མར་ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས།

བརྙས་བཅོས་ཕོག་ཡུལ་ལ་རྒྱབ་སྐྱོར་བྱེད་དགོས་ཞེས་ང་ཚོར་ཆུང་དུས་ནས་བསླབ་བྱ་ཐོབ་མྱོང་། ད་ལྟའི་ཆར་རྒྱ་གཞུང་གིས་བོད་མི་དང། ཡུ་གུར། རྒྱ་རིགས་བཅས་ལ་བརྙས་གཙེར་བྱེད་སྐབས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བརྙས་བཅོས་བྱེད་མཁན་ལ་ངོ་བསྟོད་ཀྱི་ཐུག་འཕྲད་བྱེད་ཀྱི་ཡོད། སྤྱིར་འཛམ་གླིང་དུ་སིརིཡ་དང། ཨི་རན། བྱང་ཀོ་རི་ཡ་སོགས་ཀྱི་དཀའ་རྙོག་དང་། དེ་བཞིན་གློག་ནུས་དང་། བདེ་འཇགས། ཁོར་ཡུག་སྲུང་སྐྱོབ་སོགས་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་མང་པོ་ཡོད་པ་ང་ཚོས་ཤེས་ཀྱི་ཡོད་ཀྱང། བོད་མི་མང་པོས་རང་ལུས་ཞུགས་འབུལ་གནང་བ་འདིའང་གནད་དོན་ཆུང་ཆུང་ཞིག་གཏན་ནས་མིན་པ་ནན་བརྗོད་བྱེད་འདོད་བྱུང་། ང་ཚོའི་ལུང་པ་རྒྱ་འོག་ཏུ་ཤོར་བའི་སྐབས་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་མང་དག་ཅིག་བོད་ཀྱི་ལོ་རྒྱུས་དེའི་ཆ་ཤས་ཆགས་ཡོད། ད་ལྟའི་ཆར་རྒྱལ་སྤྱིའི་འགོ་འཁྲིད་ཚོས་བོད་ཀྱི་གནད་དོན་འབྲེལ་མོལ་གྱི་ཐོག་ནས་སེལ་རྒྱུར་རྒྱ་ནག་གི་འགོ་འཁྲིད་ཚོར་སྔར་ལས་ལྷག་པའི་གནོན་ཤུགས་ནུས་པ་ཐོན་པ་སྤྲོད་དགོས་པའི་དུས་ལ་བབས་ཡོད། ང་ཚོས་རྒྱ་ནག་ནས་ཁ་བྲལ་རྩོད་ཀྱི་མེད་སྟབས། རྒྱ་ནག་གཅིག་གི་སྲིད་ཇུས་འཛིན་མཁན་ཚོའི་ལངས་ཕྱོགས་དང་འགལ་གྱི་མེད་ལ། རྒྱ་ནག་གིས་བློ་གཡེང་ཆེ་ཤོས་བྱེད་སའི་མངའ་དབང་གི་གནད་དོན་ཡང་སེལ་ཡོད།

ང་ཚོའི་འཐབ་རྩོད་མུ་མཐུད་དེ་རྒྱུན་འཁྱོངས་བྱེད་ངེས་ཡིན། མཉམ་སྦྲེལ་རྒྱལ་ཚོགས་ཀྱང་ཆོད་སློག་གི་དབང་ཚད་ཡོད་མཁན་རེ་ཟུང་གི་ལག་རྡོ་རུ་འགྱུར་མི་རུང་། ད་ལྟ་ང་ཚོར་ཁྱེད་ཚོའི་རྒྱབ་སྐྱོར་འཕྲལ་དུ་དགོས་ཀྱི་འདུག། བོད་ཀྱི་གནད་དོན་འདི་རྒྱ་ནག་འགོ་འཁྲིད་ཚོ་དང་ལྷན་འབྲེལ་མོལ་གྱིས་སེལ་ཐབས་བྱེད་དགོས་ཀྱང་། ཕྱིས་མ་དྲགས་གོང་དེའི་གོམ་སྟབས་མྱུར་དུ་གཏོང་བའི་ནུས་སྟོབས་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ལག་ཏུ་ཡོད། ང་ཚོ་བོད་མི་ཚོར་ཡང་རང་དབང་ལུང་པའི་མི་མང་སྤྱི་བྱིངས་ལྟར་རང་དབང་མཉམ་སྤྱོད་ཀྱི་གོ་སྐབས་སྐྲུན་དགོས་ཀྱི་འདུག

རྒྱལ་སྤྱིའི་དངུལ་ཁང་ནས་རྒྱ་ནག་འགྱུར་མཚམས་ཤིག་ཏུ་སླེབས་ཡོད་པ་དང་། ཆབ་སྲིད་དང་དཔལ་འབྱོར་ཕྱོགས་ཡོངས་ནས་བཅོས་བསྒྱུར་དགོས་གལ་གསུངས་དོན་ལྟར། ད་ཆ་བཅོས་བསྒྱུར་གྱི་དུས་ལ་བབས་ཡོད་ཅིང་། དེ་ལས་ལྡོག་ཚེ། ད་ལྟའི་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་གྲུབ་འབྲས་དེ་སང་ཉིན་རྒྱ་ནག་མགོ་རྟིང་སློག་པའི་རྐྱེན་རྩ་ཆགས་སྲིད་པ་ཡིན། རྒྱ་ནག་གི་སྤྱི་ཚོགས་དང་ཆབ་སྲིད་ཟིང་ལོང་བྱུང་བ་ཡིན་ན། རྒྱལ་སྤྱིའི་ཁྱོན་ལ་ཚབས་ཆེའི་མཇུག་འབྲས་ངན་པ་ཕོག་རྒྱུ་གོར་མ་ཆག ང་ཚོས་རྒྱ་ནག་གི་འགོ་འཁྲིད་ཚོར་མི་འགྱངས་པར་བསམ་ཤེས་ཀྱི་རྣམ་དཔྱད་དྲག་ཙམ་རྙེད་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད། རྒྱ་ནག་འགྱུར་མཚམས་ཆེན་པོ་ཞིག་ཏུ་སླེབས་པའི་སྐབས་འདིར། བོད་མིའི་ཁ་ཡོད་ལག་ཡོད་དང་ཁྲིམས་མཐུན་གྱི་མངོན་འདོད་རྣམས་འགྲུབ་པའི་རེ་བ་ཞུ་བཞིན་ཡོད།

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྐབས་འདི་བཟུང་ནས་རྒྱ་གར་གཞུང་དང་མི་མང་གིས་བོད་མི་རྣམས་ལ་གཡོ་བ་མེད་པའི་རྒྱབ་སྐྱོར་གནང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནང་དྲང་བདེན་དང། འཚེ་བ་མེད་པ། རང་དབང། འགྲོ་བ་མིའི་ཆེ་མཐོང་གི་ཕྱོགས་སུ་རྒྱབ་སྐྱོར་གནང་མཁན་བཅས་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མཐའ་དོན། བདག་ཅག་གི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དུས་རྒྱུན་དུ་སྣེ་འཁྲིད་སློབ་སྟོན་གནང་བར་བཀའ་དྲིན་སྙིང་བཅངས་ཞུ་རྒྱུ་དང་སྦྲགས། གཞིས་བྱེས་བོད་མི་གང་མྱུར་མཉམ་འཛོམས་ཡོང་བ་དང་། ༸རྒྱལ་བའི་སྐུ་ཚེ་༸ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་པའི་སྨོན་འདུན་ཞུ་རྒྱུ་བཅས།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༠ ལ།