མདུན་ཤོག » གསར་གནས། » གསར་འགོད་གསལ་བསྒྲགས། »

གསར་འགོད་གསལ་བསྒྲགས།

ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༦

༈ རྒྱ་ནག་གཞུང་གིས་བོད་མི་མང་པོ་དམར་བསད་བཏང་བར་བཀའ་བློན་ཁྲི་པའི་བསྒྲགས་གཏམ།

༄༅། །ཕྱི་ཟླ་ ༡ ཚེས་ ༢༣ དང་ ༢༤ ཉིན་རྒྱ་རིགས་ཚོས་དཔྱིད་གསར་དུས་སྟོན་ནམ། ལོ་གསར་གྱི་དགའ་སྟོན་ལ་རོལ་བཞིན་པའི་སྐབས་བོད་ཀྱི་ས་ཁུལ་བྲག་འགོ་དང༌། རྔ་པ། རྒྱལ་རོང༌། གསེར་རྟ་སོགས་སུ་བོད་མི་བརྒྱ་ཕྲག་བརྒལ་བས་ཞི་བའི་སྒོ་ནས་སོ་སོའི་གཞི་རིམ་ཐོབ་ཐང་ཁག་རྩོད་རྒྱུའི་ལས་འགུལ་སྤེལ་བར། ཉེན་རྟོག་མི་སྣས་མང་ཚོགས་ཐོག་མེ་མདའ་བརྒྱབས་ནས་གནས་ཚུལ་ཐོན་གསལ་ལྟར་ན་མི་དྲུག་དེ་མ་ཐག་རྐྱེན་འདས་སུ་བཏང་བ་དང༌། དྲུག་ཅུ་ལྷག་ལ་རྨས་སྐྱོན་ཚབས་ཆེན་ཕོག་འདུག
ཡ་ང་སྙིང་རྗེ་མེད་པའི་དྲག་སྤྱོད་འདི་རིགས་དང༌། འཆར་གཞི་ལྡན་པའི་སྒོ་ནས་བོད་མིར་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ། ཁྱད་པར་ཕྱི་ལོ་ ༢༠༠༨ ལོའི་ཞི་བའི་གྱེན་ལངས་ཆེན་མོ་ནས་བཟུང་བོད་མིའི་སེམས་ནང་རྒྱ་ནག་གཞུང་ལ་ཞེ་འཁོན་ཇེ་ཆེར་སོང་ཡོད།
བོད་བཙན་བཟུང་བྱས་པ་ནས་བཟུང་རྒྱ་ནག་གཞུང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ལྷ་ཡུལ་བསྐྲུན་རྒྱུའི་ཁ་འུད་བཤད་ཀྱང༌། དངོས་ཡོད་གནས་ཚུལ་དེ་ལས་ལྡོག་སྟེ། བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན། བོད་མིའི་སྐད་ཡིག་དང་རིག་གཞུང་རྩ་བརླག་གཏོང་བཞིན་པ་དང་ྋགོང་ས་མཆོག་གི་སྐུ་པར་ཉར་རྒྱུར་དམ་དྲག དཔལ་འབྱོར་དབྱེ་འབྱེད། བོད་ས་ཡོངས་སུ་དམ་དྲག་དང༌། ཐ་ན་ཕྱི་རྒྱལ་མི་སྣ་འགྲུལ་བཞུད་བྱེད་རྒྱུར་ཡང་བཀག་འགོག་བྱས་ཡོད། མདོར་ན་ད་ལྟའི་ཆར་བོད་ཁུལ་ཡོངས་རྫོགས་ཡོངས་གྲགས་མ་བྱས་པའི་དྲག་པོའི་ཁྲིམས་གཞི་འོག་ཚུད་ཡོད།
རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་ཞི་བའི་སྒོ་ནས་བོད་མི་གྱེན་ལངས་བྱེད་མཁན་རྣམས་དང༌། རང་ལུས་མེར་བསྲེགས་གཏོང་མཁན་ཚོའི་འབོད་སྒྲར་ཐུགས་སྣང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། དྲག་གནོན་དང་བསད་རྡུང་གི་ལམ་ནས་བོད་ནང་བརྟན་ལྷིང་དང༌། བོད་མིའི་དངོས་ཡོད་དཀའ་ངལ་ནམ་ཡང་བསལ་ཐབས་མེད་ཅིང༌། བོད་དོན་འགྲིག་ཆགས་དང༌། ཞི་བདེ་ལྷིང་འཇགས་ཡོང་བའི་ཐབས་ལམ་ཉག་གཅིག་པུ་ནི། བོད་མིའི་གཞི་རྩའི་ཐོབ་ཐང་ལ་བརྩི་བཀུར་དང༌། གྲོས་མོལ་གྱི་ལམ་ནས་ཡོང་བ་བྱེད་དགོས། གྲོས་མོལ་བྱེད་རྒྱུར་ང་ཚོ་ཆོད་སེམས་བརྟན་པོ་ཡོད་ཀྱང༌། བོད་མིར་འདི་འདྲའི་དྲག་གནོན་བྱས་པ་ནམ་ཡང་ངོས་ལེན་ཐུབ་ཐབས་མེད། རྒྱ་རིགས་ཐེ་བའི་འཛམ་གླིང་མི་མང་ཡོངས་ཀྱིས་བྱེད་བབ་འདི་རིགས་ལ་ཤུགས་ཆེན་པོའི་སྒོ་ནས་སྐྱོན་བརྗོད་གནང་དགོས།
རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་དང༌། བོད་མིའི་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་གནང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་ནང་ཀྱི་དངོས་ཡོད་གནས་ཚུལ་རྟོག་ཞིབ་ཆེད་ཞིབ་འཇུག་མི་སྣ་དང༌། གསར་འགཽད་མི་སྣ་འགྲོ་བསྐྱོད་ཆོག་པའི་རེ་འདུན་ཞུ་རྒྱུ་ཡིན། པེ་ཅིང་གི་འགོ་ཁྲིད་ཚོས་ཤེས་དགོས་པར་སོ་སོའི་བྱབྱཁྱིམ་ཚང་གི་མི་བྱབྱདམར་བསད་འདི་ལྟར་བཏང་བ་རྒྱལ་སྤྱིའི་ཁྲིམས་དང་རྒྱ་ནག་རང་གི་ཁྲིམས་དང་ཡང་འགལ་བ་ཆགས་ཡོད། བྱེད་བབ་འདི་རིགས་ཀྱིས་རྒྱལ་སྤྱིའི་ནང་རྒྱ་ནག་གི་བཟང་སྤྱོད་ལ་སྔར་བས་དྭོགས་པ་ཆེ་རུ་དང༌། ཆ་འཇོག་འཐོབ་པར་འགོག་རྐྱེན་བཟོས་ཀྱི་ཡོད།
གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམ་པར་ཞུ་རྒྱུར། ཁྱེད་ཚོའི་འབོད་སྒྲ་ང་ཚོས་གསལ་པོ་གོ་རྟོགས་བྱུང༌། ཁྱེད་ཚོའི་བློས་བཏང་ནམ་ཡང་ཆུད་ཟོས་སུ་མི་འགྲོ་བ་བྱ་རྒྱུ་ཡིན་ཞིང༌། ཁྱེད་ཚོའི་བདེ་དོན་བསྒྲུབ་རྒྱུ་དེ་དུས་རྟག་ཏུ་ང་ཚོའི་སེམས་ནང་ཡོད་མུས་ཡིན། དེ་མཚུངས་འུ་ཐུག་ཐབས་ཟད་ཀྱིས་ཉེན་ཚབས་ཆེ་བའི་ལས་འགུལ་རིགས་མ་སྤེལ་བའི་འབོད་སྐུལ་ཞུ་རྒྱུ་ཡིན།
ཕྱི་ཟླ་ ༢ ཚེས་ ༢༢ ཉིན་བོད་ཀྱི་ལོ་གསར་འཁེལ་གྱི་ཡོད་སྟབས་བོད་མི་ཚོས་ཆོས་ཕྱོགས་དང་སྲོལ་རྒྱུན་གྱི་བྱེད་སྒོ་ཁག་མ་གཏོགས་རྒྱས་སྤྲོས་ཀྱི་དུས་སྟོན་རིགས་མ་གནང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།
ང་ཚོས་གཞིས་བཞུགས་བོད་མིར་གདུང་སེམས་མཉམ་བསྐྱེད་ཞུ་ཆེད་ཕྱི་ཟླ་ ༢ ཚེས་ ༨ རེས་གཟའ་ལྷག་པའི་ཉིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་འཛམ་གླིང་ཡོངས་སུ་ལས་འགུལ་སྤེལ་གནང་ཡོང་བའི་འབོད་སྐུལ་ཟུ་རྒྱུ་ཡིན། བོད་མི་ཉམ་ཆུང་ཚོའི་ཐོག་འདི་འདྲའི་དྲག་གནོན་དང་བསད་རྡུང་བྱས་པ་ངོས་ལེན་ཐུབ་ཐབས་མེད་པའི་བརྡ་ལན་གསལ་པོ་ཞིག་སྤྲོད་དགོས། ཚང་མས་ཞི་བའི་སྒོ་ནས་ཡུལ་ཁྲིམས་དང་མི་འགལ་བ། ཆེ་མཐོང་ལྡན་པའི་སྒོ་ནས་ལས་འགུལ་ནང་མཉམ་ཞུགས་གནང་བའི་འབོད་སྐུལ་ཞུ་གི་ཡོད།