ཟླ་བ་ ༩ ཚེས ༣༠ ༢༠༠༩
   Posted in གསར་གནས།
Published By b

༢༠༠༩ ཕྱི་ཟླ་ ༩ ཚེས་ ༣༠ རེས་གཟའ་ལྷག་པ།

༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༢༨ ཉིན་ཝཌྷ་ཁུ་ཝའི་ཁུལ་དུ་ཡོད་པའི་རྒྱ་རིགས་མཁས་དབང་། རྩོམ་འབྲི་པ། སློབ་དཔོན། དེ་བཞིན་མི་མང་དཀྱུས་མ་བཅས་ཁྱོན་བསྡོམས་མི་གྲངས་ ༡༡༠ ཙམ་འདུ་འཛོམས་ཐོག་བོད་ཀྱི་གནད་དོན་སྐོར་ཚོགས་འདུ་ཞིག་ཚོགས་ཡོད་པར་མགོན་པོ་གང་ཉིད་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་པ་བཞིན་ཆིབས་སྒྱུར་བསྐྱངས་ཡོད། ཚོགས་འདུ་དེའི་བརྗོད་གཞི་ནི། བྱམས་རྩེ་དང་གུས་བརྩི། ང་ཚོའི་ཐུན་མོང་གྱི་མདུན་ལམ། ཞེས་པའི་ཐོག་ཚོགས་ཡོད། སྐབས་དེར་ཐོག་མར་རྒྱ་རིགས་རྩོམ་པ་པོ་ཤེང་སུ་ནས་༸གོང་ས་མཆོག་ལ་ཕེབས་བསུའི་གསུང་བཤད་དང་ཁོང་ཚོའི་ལས་རིགས་དེའི་རྒྱབ་ལྗོངས་གནས་ཚུལ་སྙན་སྒྲོན་ཞུས་ཡོད། དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན། ད་ལྟའི་རྒྱ་ནག་ནང་གི་གནས་སྟངས་དེ་ཚང་མས་ཤེས་གསལ་རེད། དེ་ནི་ཞེད་སྣང་གི་འོག་ལ་གནས་ཡོད། རྒྱ་ནག་གི་གནས་སྟངས་དེར་འགྱུར་བ་མི་འགྲོ་ཐབས་མེད་ཅིག་ཆགས་ཡོད། ངོས་ནས་རྒྱ་ནག་ནང་གི་འགྱུར་བ་དེ་སྔ་མོ་ཨུ་རུ་སུ་ནང་བཞིན་མིན་པར་གོམ་པ་རིམ་པོས་ཐོག་ནས་ག་ལེར་ག་ལེར་འགྱུར་བ་འགྲོ་རྒྱུ་དེ་གལ་ཆེན་པོ་མཐོང་གི་ཡོད། གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཐོག་ནས་རྒྱ་ནག་དེ་ག་ལེར་ག་ལེར་འགྱུར་བ་ཕྱིན་པ་ཡིན་ན་ཡག་པོ་འདུག དེ་འདྲ་བྱུང་ན་དངོས་གནས་ཀྲུང་དབྱང་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་དུས་སྟོབས་ཆེན་རྒྱལ་ཁབ་གཅིག་ཆགས་པའི་ཐོག་ནས་འཛམ་གླིང་གི་སྣེ་ཁྲིད་ཐུབ་པ་གཅིག་དང་། མིང་དེ་ཐོས་པ་ཙམ་གྱིས་ཚང་མས་དགའ་ཚོར་བྱེད་དགོས་པ་བྱུང་བ་ཡིན་ན་བོད་མི་ཚོ་ཡང་རྒྱ་ནག་དང་མཉམ་དུ་སྡོད་དགོས་བྱུང་ནའང་ང་ཚོར་སྤོབས་པ་ཆེན་པོ་ཡོང་རྒྱུ་ཡིན་སྐོར་བཀའ་སྩལ། ཡང་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། ཉིན་ཤས་རྗེས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགོ་བཙུགས་ནས་མི་ལོ་ ༦༠ ཐམ་པ་འཁོར་བའི་རྟེན་འབྲེལ་གྱི་དུས་དྲན་སྲུང་བརྩི་ཞུ་རྒྱུར་ད་ལྟ་ནས་ཚ་ཚ་འུར་འུར་ཐོག་གྲ་སྒྲིག་བྱེད་བཞིན་ཡོད།

གཞི་རྩའི་རྟེན་འབྲེལ་དེ་དགའ་དགའ་སྤྲོ་སྤྲོ་བྱེད་དགོས་པ་ཞིག་ཡིན་ནའང་ད་ལྟའི་རྒྱ་ནག་གི་གནས་སྟངས་ལྟ་བུར་ཆ་བཞག་ན་དུས་ཆེན་ཚར་བ་ཡིན་ན། ད་སྟབས་ཡག་སོང་བསམ་པའི་དུས་ཆེན་ཚར་བ་དང་དགའ་ཚོར་སྐྱེ་དགོས་པ་ཆགས་པ་དེ་ཞེ་དྲག་ཐབ་སྐྱོ་པོ་རེད། དེ་འདྲ་ཡིན་ཙང་རྒྱ་ནག་ནང་འགྱུར་བ་འགྲོ་རྒྱུ་དེ་གལ་ཆེན་པོ་འདུག འགྱུར་བ་དེ་ཡང་ག་ལེར་ག་ལེར་འགྲོ་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་དང་ལྷག་པར་༸གོང་ས་མཆོག་ནས་བཀའ་ཕེབས་དོན། ངོས་ནས་དོན་དམ་ཐོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་བོད་ཀྱི་དཀའ་ངལ་དེ་སེལ་རྒྱུའི་ཐབས་ལམ་འཚོལ་བཞིན་པ་དེར་རྒྱ་གཞུང་ནས་བཟང་ཕྱོགས་ཀྱི་བརྡ་ལན་གང་ཡང་བཏང་མེད། འོན་ཀྱང་རྒྱ་ནག་མི་དམངས་ལ་རེ་བ་དང་ཡིད་ཆེས་ཡོད་ཅེས་བཀའ་ཕེབས་ཡོད་པ་དང་ཆབས་ཅིག་འགྲོ་བ་མིའི་ཡ་རབས་དང་བཟང་སྤྱོད་ཀྱི་རིན་ཐང་གོང་མཐོར་གཏོང་རྒྱུ་དང་ཆོས་ལུགས་མཐུན་སྒྲིལ་ཡོང་ཐབས་སུ་ཐུགས་འགན་བཞེས་ཀྱི་ཡོད་སྐོར་སོགས་ཀྱི་བཀའ་སྩལ་ཡོད། དེ་རྗེས་དྲི་བ་དྲིས་ལན་སྐབས་བོད་རྒྱ་ཞི་མོལ་གྱི་འགག་རྩ་དེ་ག་པར་ཐུག་ཡོད་པ་དང་། བོད་ཆེན་པོ་ཞེས་པའི་གནད་དོན་གང་འདྲ་ཡིན་པ། ༸གོང་ས་མཆོག་གི་གནམ་གཤིས་འགྱུར་ལྡོག་ཐོག་ལ་གཟིགས་ཚུལ། རྒྱ་ནག་དམར་པོའི་གཞུང་ལ་འགྱུར་བ་ཕྱིན་པ་ཡིན་ན། བོད་ཀྱི་དཀའ་ངལ་ཇི་འདྲ་སེལ་རྒྱུ་ཡིན་མིན་སོགས་ཀྱི་དྲི་བ་མང་དག་ཅིག་ཕུལ་ཡོད་པར་བཀའ་ལན་མཛད་ཡོད། སྐབས་དེར་རྒྱ་རིགས་ཚོགས་བཅར་བའི་ཁྲོད་ནས་༸གོང་ས་མཆོག་ལ་དད་གུས་ཆེན་པོ་ཡོད་པའི་རྣམ་པ་གསལ་ཐོན་བྱུང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།

Share with your friends










Submit