མདུན་ཤོག » ༧གོང་ས་་མཆོག » གསུང་འཕྲིན་ཁག » གསུམ་བཅུའི་དུས་དྲན། »

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུམ་བཅུའི་དུས་དྲན་ཐེངས་བཞི་བཅུ་ཞེ་བརྒྱད་པའི་ཐོག་སྩལ་བའི་ཡོངས་ཁྱབ་གསུང་འཕྲིན།

Share with your friends










Submit

༄༅། །ཕྱི་ལོ་ ༡༩༥༩ ལོར་རྒྱལ་ས་ལྷ་སར་བོད་མིས་ཞི་བའི་གྱེན་ལངས་བྱས་ནས་ལོ་ ༤༨ འཁོར་བའི་དུས་ཚིགས་འདིར། གངས་ཅན་མི་རིགས་ཀྱི་དོན་དུ་དཀའ་སྡུག་མྱོང་ཞིང་ལུས་སྲོག་འདོར་མཁན་ཚང་མར་རྗེས་དྲན་དང་འབྲེལ་སྨོན་འདུན་བྱེད་རྒྱུ་དང་། ད་དུང་བཙོན་བཅུག་དང་མནར་གཅོད་ཀྱི་དཀའ་སྡུག་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱིས་འཚམས་འདྲི་ཡོད།

འདས་ལོ་ ༢༠༠༦ གི་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱོགས་གཅིག་ནས་རང་རེར་མཁྲེགས་བཟུང་ཚིག་ངན་གདུག་རྩབ་ཇེ་ཆེར་སོང་བ་དང་། ལྷག་པར་བོད་ནང་ཆབ་སྲིད་ཀྱི་དམ་བསྒྲགས་ཇེ་སྡུག་ཏུ་སོང་འདུག ཕྱོགས་གཞན་ཞིག་ནས་རྒྱ་ནག་ནང་་བརྗོད་རང་དབང་སོགས་ཕྲན་བུ་བཟང་དུ་ཕྱིན་པ་མ་ཟད། ལྷག་པར་བློ་རྒྱ་ཡངས་པའི་ཤེས་ཡོན་ཅན་ཚོའི་ནང་དངོས་པོའི་ཡར་རྒྱས་གཅིག་པུས་མི་འགྲིག་པར་བསམ་པའི་དཔལ་ཡོན་ཡར་རྒྱས་ཀྱིས་སྤྱི་ཚོགས་དོན་སྙིང་ལྡན་པ་ཞིག་བསྐྲུན་དགོས་པ་དང་། དེའི་ཆེད་ད་ལྟའི་ལམ་ལུགས་འདིས་མི་འདེང་བའི་བསམ་ཚུལ་ཤུགས་ཆེ་རུ་འགྲོ་བ། དེ་མཚུངས་ཆོས་དད་སྤྱི་དང་། ལྷག་པར་སངས་རྒྱས་པའི་ཆོས་ལ་དད་པ་བྱེད་མཁན་ཇེ་མང་དུ་འགྲོ་བ་དང་ཆབས་ཅིག་གངས་ཅན་བོད་ཀྱི་ཆོས་དང་རིག་གཞུང་ལའང་དོ་སྣང་ཇེ་ཆེར་འགྲོ་བ་དང་། ངོས་ལའང་རྒྱ་ནག་ནང་གནས་སྐོར་ཆོས་བཤད་ཀྱི་དགོས་འདུན་འདོན་མཁན་མང་པོ་ཡོང་བཞིན་པ་བཅས་འགྱུར་བ་བཟང་ངན་སྣ་ཚོགས་ཤིག་ཡོང་བཞིན་འདུག ད་སྐབས་སྲིད་འཛིན་ཧུའུ་ཅིན་ཐའོས་འཆམ་མཐུན་གྱི་འབོད་སྐུལ་ནན་བསྟུད་གནང་བ་བསྔགས་འོས་སུ་གྱུར། དེ་ཡང་འཆམ་མཐུན་ཡོང་བར་དེའི་རྒྱུ་རྐྱེན་གཙོ་བོ་ཕན་ཚུན་ཡིད་ཆེས་དགོས་པ་དང་། དེ་ལ་དྲང་བདེན་དང་་བརྗོད་རང་དབང་། འདྲ་མཉམ་བཅས་དགོས་པ་རྣམས་ལ་ཐུགས་སྣང་དང་གཤམ་འོག་ལས་བྱེད་ཚང་མས་ལག་ལེན་དོན་ཐོག་འཁྱོལ་བ་དགོས་གལ་ཆེ།

རྒྱ་བོད་འབྲེལ་བའི་སྐོར། ཕྱི་ལོ་ ༡༩༧༤ ལོ་ཙམ་ནས་སླད་རྒྱ་གཞུང་དང་གྲོས་མོལ་བྱེད་རྒྱུའི་སྐབས་ཤིག་ཡོང་ངེས་པས། དེ་དུས་རང་རེའི་ངོས་ནས་བོད་རིགས་ཡོངས་རྫོགས་གཅིག་གྱུར་གྱི་རང་སྐྱོང་རྩ་ཁྲིམས་ནང་གསལ་བཞིན་མིང་དོན་མཚུངས་པ་ཞིག་ཡོང་ཐབས་བྱེད་རྒྱུ་ནང་དོན་འོག་གྲབས་བྱས་ཡོད་པ་ལྟར། ཕྱི་ལོ་ ༡༩༧༩ ལོར་སྐབས་དེའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེས་མཐོའི་དབུ་ཁྲིད་དེང་ཞའོ་ཕིང་གིས་རང་བཙན་མ་རྩོད་ན་གནད་དོན་གཞན་ཡོངས་རྫོགས་གྲོས་མོལ་གྱི་ལམ་ནས་ཐག་གཅོད་ཆོག་རྒྱུའི་གྲོས་འཆར་བཏོན་པ་རང་རེའི་རེ་འདོད་དང་མཐུན་པས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་གཏན་འབེབས་བྱས་ཤིང་། དེ་ནས་ད་བར་ལོ་ ༢༨ སོང་རིང་ཐོག་མཐའ་བར་གསུམ་དུ་འགྱུར་བ་ཕྲ་མོ་ཙམ་མེད་པར་ལྷག་བསམ་རྣམ་དག་གིས་ལག་བསྟར་བྱས་པ་ཡིན། སྲིད་ཇུས་འདི་ནི་བོད་རྒྱ་མི་རིགས་གཉིས་ཀའི་འཕྲལ་ཕུགས་ཀྱི་ཁེ་ཕན་དང་། ཨེ་ཤི་ཡའི་ནང་ཞི་བདེ་མཉམ་གནས། ཁོར་ཡུག་སྲུང་སྐྱོབ་སོགས་གཞི་རྒྱ་ཆེ་བའི་ཕུགས་དམིགས་བཟང་པོ་རྣམས་གཞི་རྩར་བཞག་སྟེ་དཔྱད་ཞིབ་དང་།གོ་བསྡུར་མཐིལ་ཕྱིན་བྱས་ནས་གཏན་འབེབས་བྱས་པ་ཞིག་ཡིན་པ་དང་། སྲིད་ཇུས་འདི་ལ་གཞིས་བྱེས་བོད་མི་བསམ་ཡོད་མང་པོ་དང་། རྒྱལ་ཁབ་དུ་མའི་གཞུང་གིས་ཀྱང་མོས་མཐུན་རྒྱབ་སྐྱོར་བྱེད་ཀྱི་ཡོད།

ངོས་ཀྱིས་བོད་རིགས་ཡོངས་རྫོགས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་དགོས་པའི་རེ་འདུན་བཏོན་དགོས་པའི་རྒྱུ་མཚན་གལ་ཆེ་ཤོས་ནི་བོད་རྒྱའི་མི་རིགས་གཉིས་འདྲ་མཉམ་དང་། རྒྱ་རིགས་ཆེན་པོའི་རིང་ལུགས་དང་ས་གནས་མི་རིགས་རིང་ལུགས་གཉིས་ཀ་མེད་པའི་གཅིག་བསྒྲིལ་བཅོས་མིན་ཞིག་བསྐྲུན་ཏེ་ཕན་ཚུན་ཡིད་ཆེས་ཀྱི་སྒོ་ནས་གཅིག་ཕན་གཅིག་གྲོགས་ཀྱིས་རྒྱལ་ཁབ་བརྟན་ལྷིང་དང་། ཕྱི་དངོས་པོ་དང་ནང་བསམ་བློའི་ཡར་རྒྱས་ཟུང་འབྲེལ་གྱིས་བོད་མི་རིགས་ཀྱི་རྩ་ཆེའི་ཐུན་མིན་རིག་གཞུང་དང་། ལེགས་བྱང་། སྐད་ཡིག་བཅས་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་ཁེ་ཕན་གྱི་དོན་དུ་འཛིན་སྐྱོང་ཐུབ་པ་བྱ་རྒྱུ་དེ་ཡིན།

མི་རིགས་ས་གནས་རང་སྐྱོང་བཙུག་དགོས་པ་ནི་གྲངས་ཉུང་མི་རིགས་སོ་སོའི་ཐུན་མིན་ངོ་བོ་དང་ཁྱད་ཆོས། རིག་གཞུང་། སྐད་ཡིག་བཅས་ཉམས་མེད་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་ནའང་། དངོས་དོན་དེ་ལས་ལྡོག་སྟེ་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཚང་མར་གྲངས་མང་མི་རིགས་གཞན་གྱི་མི་འབོར་ཕོན་ཆེས་ཁྱབ་སྟེ་སོ་སོའི་ངོ་བོ་དང་། རིག་གཞུང་། སྐད་ཡིག་བཅས་རྒྱུན་འཛིན་བྱེད་རྒྱུ་ལྟ་ཞོག ཉིན་རེའི་འཚོ་བའི་ནང་དུའང་མི་རིགས་ཆེན་པོའི་སྐད་ཡིག་དང་། གོམས་གཤིས་ལ་མ་བརྟེན་ཐབས་མེད་ཆགས་པ་འདིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་བཟང་པོའི་གོམས་གཤིས་རིམ་པས་རྩ་བརླག་འགྲོ་ཉེན་དུ་གྱུར། མེ་འཁོར་ལྕགས་ལམ་ལྟ་བུ་སྒྲོམ་གཞིའི་འཛུགས་སྐྲུན་ལ་ཉེས་པ་མ་མཐོང་ཡང་། དངོས་སུ་འཁོར་ལམ་མཐུད་ནས་ད་བར་བོད་སའི་ཁོར་ཡུག་ཉམས་ཆག་དང་། ཆུ་རྒྱུན་ཁག་འབགས་བཙོག་དང་བེད་ལོག་སྤྱད་པ། རང་བྱུང་ཐོན་ཁུངས་རྣམས་ལ་བཤུ་གཞོག མི་འབོར་སྤོ་ཤུགས་སོགས་བོད་ཀྱི་སྣོད་བཅུད་གཉིས་ཀར་ཉམས་ཉེས་ཚབས་ཆེ་བྱུང་དང་ཡོང་བཞིན་པ་འདི་དག་བློ་འཚབ་སྐྱེ་གཞི་ཞིག་འདུག

གྲངས་ཉུང་མི་རིགས་ཁག་གི་ནང་ཤེས་འཇོན་ལྡན་པའི་གུང་ཁྲན་ཏང་མི་མི་ཉུང་བ་ཞིག་བྱུང་ཡོད་ཀྱང་རྒྱལ་ཁབ་གནས་རིམ་གྱི་འགོ་ཁྲིད་དབང་ཚད་ལྡན་པ་ཆེས་ཉུང་ངུ་དང་། འགའ་ཤས་ལ་ཁ་བྲལ་བ་སོགས་མིང་འདྲ་མིན་བཏགས་པ་དེ་ནི་ཆེས་བློ་ཕམ་འོས་པ་ཞིག་རེད། མི་རིགས་གཉིས་དང་དབུས་ས་གཉིས་ཀའི་དོན་དམ་གྱི་ཁེ་ཕན་ཆེད་རང་སྐྱོང་མིང་དོན་མཚུངས་པ་དགོས་པ་དང་། དེ་ཡང་གྲངས་ཉུང་མི་རིགས་གཅིག་ལ་དམིགས་པའི་རང་སྐྱོང་ཞིག་ཡིན་སྟབས་མི་རིགས་དེ་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་གི་ནང་ཚུད་དགོས་པ་བཅས་ཀྱི་དགོས་འདུན་ནི་ཕྱི་གསལ་ནང་གསལ་ལྷག་བསམ་རྣམ་དག དྲང་བདེན་ཞིག་མ་གཏོགས་སྦས་པའི་ཕུགས་དམིགས་གཞན་ཅིའང་མེད་པ་ནི་འཇིག་རྟེན་ཀུན་གསལ་ཡིན། དེ་འདྲའི་འོས་ཤིང་འཚམས་པའི་དགོས་འདུན་དེའི་ཆེད་ཐབས་ཤེས་མུ་མཐུད་བྱ་རྒྱུ་ནི་བོད་མི་རིགས་ལ་འཁྲི་བའི་རྩ་ཆེའི་ལས་འགན་ཞིག་ཡིན་སྟབས་དུས་འགོར་ཇི་ཙམ་བྱུང་ཡང་མངོན་འདོད་མ་འགྲུབ་བར་བྱ་རྒྱུའི་སྙིང་སྟོབས་ལ་ནམ་ཡང་འགྱུར་བ་འགྲོ་མི་སྲིད། བོད་མིའི་འཐབ་རྩོད་ནི་མི་སྒེར་རེ་ཟུང་གི་གནས་བབ་ཀྱི་འཐབ་རྩོད་མིན་པར་མི་རིགས་ཤིག་གི་འཐབ་རྩོད་ཡིན་ལ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱང་ཡང་དག་པའི་མང་གཙོའི་རིང་ལུགས་སུ་བསྒྱུར་ཏེ་མི་མང་གི་ཆེད་དུ་མི་མང་གིས་བདམས་པའི་མི་མང་གི་འགོ་ཁྲིད་གཅིག་མཇུག་གཉིས་མཐུད་ཀྱིས་བོད་མི་རིགས་ཀྱི་འཐབ་རྩོད་འདི་མི་རབས་ནས་མི་རབས་བརྒྱུད་རྒྱུན་འཛིན་ཐུབ་པའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་སྒྲོམ་གཞི་བརྟན་པོ་བསྐྲུན་ཡོད་པས། མཐའ་དོན་ཐག་གཅོད་ཀྱང་མང་གཙོའི་ལམ་སྲོལ་ལྟར་མང་ཚོགས་རང་ཉིད་ཀྱིས་བྱེད་རྒྱུ།

ཕྱི་ལོ་ ༢༠༠༢ ནས་བཟུང་བོད་རྒྱའི་ཐད་ཀའི་འབྲེལ་ལམ་བསྐྱར་གསོ་བྱས་ཏེ་ངོས་ཀྱི་ངོ་ཚབ་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་མི་སྣ་དང་ཞིབ་ཆའི་འབྲེལ་མོལ་ཐེངས་ལྔ་བྱས་ཏེ། ཕན་ཚུན་དོགས་པ་རྣམ་རྟོག་དང་། དངོས་ཡོད་དཀའ་ངལ་གྱི་གནས་ཚུལ་གསལ་པོ་བཤད་རེས་བྱས་ཏེ་འབྲེལ་ལམ་གྱི་སྒོ་ཞིག་དོད་ཡོད་པ་ཕན་ཐོགས་ཡོད་ངེས། ངོས་ཀྱི་ངོ་ཚབ་རྣམས་གནས་དུས་གང་དུའང་འབྲེལ་མོལ་མུ་མཐུད་བྱ་རྒྱུར་གོ་སྒྲིག་ཡོད། འདི་སྐོར་ཞིབ་པ་བཀའ་ཤག་གི་གསུང་བཤད་ནང་འཁོད་ཡོད། བོད་རིགས་ས་ཁུལ་ཁག་ཏུ་མི་རིགས་ཀྱི་ལ་ཞེན་མ་དོར་བར་བོད་མིའི་དོན་དམ་གྱི་ཁེ་ཕན་བསྒྲུབ་ཆེད་འབད་རྩོལ་རྒྱུན་འཁྱོང་བྱེད་མཁན་གྱི་བོད་རིགས་ཏང་མི་དང་། འགོ་ཁྲིད་ལས་བྱེད། ལག་རྩལ་ཆེད་ལས་པ་སོགས་ཚང་མར་དམིགས་བསལ་གྱི་འཚམས་འདྲི་དང་། ཁྱེད་ཚོས་སྙིང་སྟོབས་ཆེན་པོས་རང་གི་མི་རིགས་ཀྱི་ཞབས་འདེགས་གང་ཐུབ་སྒྲུབ་པ་ལ་སྙིང་ནས་ཡི་རངས་བསྔགས་བརྗོད་བྱེད་ཀྱི་ཡོད། དེ་མཚུངས་གཞིས་བཞུགས་བོད་མི་མང་ཚོགས་རྣམས་ཀྱིས་དཀའ་ཉེན་འཛེམས་མེད་ཀྱི་སྒོ་ནས་མི་རིགས་ཀྱི་ངོ་བོ་དང་། རིག་གཞུང་། སྐད་ཡིག་བཅས་པ་མི་ཉམས་རྒྱུན་འཛིན་དང་། བོད་མིའི་མངོན་འདོད་བསྒྲུབ་ཆེད་ལྷག་བསམ་དང་སྙིང་སྟོབས་རྒྱུན་སྐྱོང་བྱེད་ཐུབ་པ་འདིར་ཡི་རངས་བསྔགས་བརྗོད་དང་། སླད་ཀྱང་ཞུམ་པ་དང་ལེ་ལོ། རྣམ་གཡེང་གི་དབང་དུ་མི་གཏོང་བར་ཧུར་བསྐྱེད་ཡོང་བའི་རེ་བ་དང་ཡིད་ཆེས་ཡོད། གཞིས་བྱེས་བོད་རིགས་ཚང་མས་བློ་རྩེ་གཅིག་སྒྲིལ་ཐོག་མི་རིགས་འདྲ་མཉམ་དང་། མི་རིགས་མཐུན་སྒྲིལ་གྱི་ལམ་ནས་བོད་མི་རིགས་ཀྱི་འདུན་ལམ་བརྟན་པོ་ཞིག་བསྐྲུན་ཐུབ་པའི་བསྐུལ་འདེགས་བྱེད་རྒྱུ་ཡིན།

བཙན་བྱོལ་བོད་མིའི་གནས་ཡུལ་རྒྱ་གར་གཞུང་མང་ཡོངས་ལ་འགྱུར་མེད་འགྲན་བྲལ་གྱི་རྒྱབ་སྐྱོར་གནང་བར་གོ་སྐབས་འདི་བཟུང་སྟེ་སྙིང་ནས་ཐུགས་རྗེ་ཆེ་ཞེས་བརྗོད་རྒྱུ་དང་། རྒྱལ་སྤྱིའི་ནང་བོད་དོན་ལ་དོ་ཁུར་གནང་མཁན་གྱི་གཞུང་མང་ཡོངས་ལའང་བཀྲིན་རྗེས་དྲན་དང་། འགྲོ་ཀུན་ཞི་བདེར་འཚོ་བའི་སྨོན་འདུན་བཅས།

Share with your friends










Submit