མདུན་ཤོག » ༧གོང་ས་་མཆོག » གསུང་འཕྲིན་ཁག » གྲོས་ཚོགས་ཐོག་གསུང་བཤད། »

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚགས་ཚོགས་དུས་དང་པོའི་ཐོག་སྩལ་བའི་གསུང་འཕྲིན།

Share with your friends










Submit

༅༅། །ད་ལམ་གསར་དུ་འོས་འདེམས་བྱུང་བའི་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྣམས་དང་། དེ་བཞིན་གསར་དུ་འདོས་འདེམས་བྱུང་བའི་ཚོགས་གཙོ་ཚོགས་གཞོན་བཅས་ལ་བདེ་འཚམས་དང་བཀྲ་ཤིས་བདེ་ལེགས་ཞེས་བརྗོད་རྒྱུ་ཡིན། སྐབས་དེའི་གྲོས་ཚོགས་སུ་སྤྱི་འཐུས་ཡུན་རིང་གནང་བའི་ཉམས་མྱོང་རྒྱུས་ཅན་རྒན་རབས་གང་འཚམས་ཡོད་པའི་ཐོག་དེང་རབས་ཀྱི་ཤེས་ཡོན་གྱིས་ཕྱུག་པའི་ན་གཞོན་སྤྱི་འཐུས་གསར་པའང་མི་ཉུང་བ་ཞིག་ཐོན་འདུག་པ་འདིས་སྲོལ་རྒྱུན་དང་གསར་གཏོད་ཟུང་འབྲེལ་གྱི་ལམ་ནས་གངས་ཅན་བོད་མི་རིགས་ཀྱི་རྩ་དོན་ལ་ཕན་ནུས་ཐོན་པའི་ལས་དོན་སྙིང་པོ་ཅན་སྒྲུབ་ནུས་པའི་རེ་བ་དང་ཡིད་ཆེས་ཡོད།
བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ལམ་དུ་བསྒྱུར་བའི་དགོས་དམིགས་གཙོ་བོ་ནི་མང་ཚོགས་ཀྱི་ཕུགས་བསམ་མང་ཚོགས་རང་ཉིད་ཀྱི་བསྒྲུབ་རྒྱུའི་འགན་དབང་འཁྱེར་ཐུབ་པའི་མང་ཚོགས་ཚད་ལྡན་ཞིག་བསྐྲུན་ཏེ་བོད་དོན་བདེན་མཐའ་མ་གསལ་བར་བོད་ཀྱི་རྩ་དོན་སྒྲུབ་ཐབས་ཀྱི་ལས་དོན་ཐོག་ལྷོད་གཡེང་དང་འཐུས་ཤོག་མི་འབྱུང་པ་དང་། བོད་དོན་བདེན་མཐའ་གསལ་བའི་རྗེས་སུའང་མང་གཙོའི་ལམ་སྲོལ་གྱི་ཉམས་མྱོང་གི་སྐྱེས་བཟང་འབུལ་བའི་ཆེད་ཡིན་པ་དང་། ད་ཆ་བཅའ་ཁྲིམས་ལྡན་པའི་མང་གཙོའི་ལམ་སྲོལ་མཚན་ཉིད་ཚང་བ་ཞིག་གི་ནང་སླེབས་ཟིན་པའི་སྐབས་འདིར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་མཐོ་ཤོས་བོད་མིང་མང་སྤྱི་འཐུས་ལྷན་ཚོགས་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་མཚོན་ནུས་པའི་གྲོས་ཚོགས་ཤིག་གི་ངོ་བོར་གྲུབ་ཟིན་པས་སྤྱི་འཐུས་མི་རེ་ངོ་རེས་རང་གི་ཁུར་དུ་འཁྲི་བའི་རླབས་ཆེན་གྱི་ལས་འགན་རྣམས་རྒྱུན་དུ་དྲན་ལམ་དུ་ཡོད་དགོས་པ་མ་ཟད། མང་ཚོགས་ཀྱི་བསམ་ཚུལ་གྱི་ངོ་ཚབ་གྲོས་ཚོགས་སུ་མཚོན་ནུས་པ་དང་། གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་དང་ལས་རིམ་རྣམས་མང་ཚོགས་སུ་གོ་རྟོགས་སྐྲུན་ནུས་པའི་སྤྱི་མི་ཚད་ལྡན་ཞིག་ཡོང་རྒྱུའི་འདེམས་བྱེད་མང་ཚོགས་ཀྱི་རེ་བསམ་ཡོད་བཞིན་པ་ལྟར་རེ་བ་སྐོང་ཐུབ་པ་ཞིག་དགོས་རྒྱུ་ཤིན་ཏུ་གལ་ཆེ། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་ནང་འདས་པའི་མི་ལོ་ལྔ་བཅུ་མ་ཟིན་ཙམ་གྱི་རིང་རང་རེའི་བཙན་བྱོལ་གྱི་གནས་བབ་ལ་གཞིགས་པའི་ཉམས་མྱོང་དང་གྲུབ་འབྲས་གང་ལེགས་བྱུང་ཡོད་ནའང་། སྐབས་རེ་ད་དུང་ཡང་ལུང་ཚན་དང་ཆོས་བརྒྱུད་སོགས་སྡེ་ཚན་རིས་བཅད་ཀྱི་བསམ་ཚུལ་དང་། ལས་དོན་ལ་མི་རྟོན་པར་གང་ཟག་ལ་རྟོན་པའི་ཕྱོགས་ལྷུང་གིས་སྤྱི་དོན་འཐུས་ཤོར་ནར་འགྱངས་འགྲི་གཞི་ཡོང་འདུག་དེ་དག་ལ་ཡིད་གཟབ་དྲན་ཤེས་བག་ཡོད་བསྟེན་ཏེ་བོད་མི་རིགས་ཀྱི་ཛ་དྲག་གི་གནས་བབ་ལ་གཞིགས་པའི་སྤྱི་དོན་གཙོ་བཟུང་དང་། གོང་བུ་ཆིག་བསྒྲིལ་གྱི་ནུས་པ་གོང་མཐོར་གཏོང་ཐབས་ལ་ནམ་ཡང་ལྷོད་གཡེང་མི་ཡོང་བའི་གཞེན་སྐུལ་བྱེད་རྒྱུ་ཡིན། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་བོད་རྒྱ་ཞི་མོལ་གྱི་ལམ་ནས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་རིམ་འགྲོ་བཞིན་པ་དེ་དག་ལམ་ལྷོང་འབྱུང་ཆེད་མཐུན་འགྱུར་ལམ་སྟོན་སྔར་བཞིན་ཡོང་བའི་རེ་བའང་བྱེད་ཀྱི་ཡོད། སྤྱི་འཐུས་ཚང་མ་སྐུ་ཁམས་བཟང་ཞིང་། བོད་བསྟན་སྲིད་ཀྱི་ལས་དོན་ཐོག་ཞབས་འདེགས་རླབས་ཆེན་འགྲུབ་པའི་སྨོན་འདུན་གྱིས་མཚམས་སྦྱོར་བཅས། ཏཱ་ལའི་བླ་མས་ ༢༠༠༦ ཟླ་ ༥ ཚེས་ ༢༨ ལ།།

Share with your friends










Submit