མདུན་ཤོག » ༧གོང་ས་་མཆོག » གསུང་འཕྲིན་ཁག » གསུམ་བཅུའི་དུས་དྲན། »

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གསུམ་བཅུའི་དུས་དྲན་ཐེངས་བཞི་བཅུ་ཞེ་བདུན་པའི་ཐོག་ཡོངས་ཁྱབ་ཏུ་སྩལ་བའི་གསུང་འཕྲིན།

Share with your friends










Submit

༄༅། །ད་ཉིན་གསུམ་བཅུའི་དུས་དྲན་ཐེངས་ཞེ་བདུན་པའི་སྐབས་འདིར། ངོས་ནས་བོད་ཕྱི་ནང་དུ་ཡོད་པའི་རང་རིགས་སྤན་ཟླ་རྣམས་དང་། དེ་བཞིན་འཛམ་གླིང་གི་ས་ཁུལ་གང་སར་ཡོད་པའི་ང་ཚོར་རྒྱབ་སྐྱོར་གནང་མཁན་གྱི་གྲོགས་པོ་རྣམ་པ་ཚང་མར་འཚམས་འདྲི་དང་། བོད་མི་རིགས་ཀྱི་དོན་དུ་དཀའ་སྡུག་མྱོང་མཁན་དང་། ལུས་སྲོག་དོར་བའི་དཔའ་བོ་དང་དཔའ་མོ་ཡོངས་ལ་རྗེས་དྲན་གུས་འདུད་བྱེད་རྒྱུ་ཡིན།

ཕྱི་ལོ་ ༡༩༤༩ ཙམ་ནས་གངས་ལྗོངས་ས་ཁུལ་ཁག་ཏུ་དུས་འགྱུར་སྔར་མ་གྲགས་པ་རིམ་བཞིན་བྱུང་ནས་ལོ་རྒྱུས་ཀྱི་དུས་ཚིགས་གསར་པ་ཞིག་ཚུགས་ཏེ་ ༡༩༥༡ ལོར་བོད་ཀྱི་དམིགས་བསལ་གནས་བབས་དངོས་ཡོད་དང་བསྟུན་དབུས་དང་ས་གནས་དབར་འཇོག་པའི་གྲོས་མཐུན་གྱི་ལམ་ནས་བོད་ཀྱི་གནས་ཚུལ་ཐག་གཅོད་བྱས་པ་ཡིན་ཞེས་ཡིག་ཆ་ཁག་གི་ནང་གསལ་བ་ལྟར། དུས་དེ་ནས་བཟུང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་བོད་མི་རྣམས་ལ་རང་ཁྱིམ་རང་བདག རང་སྲིད་རང་སྐྱོང་གིས་རྒྱ་ནག་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོའི་ནང་མཉམ་གནས་མཐུན་བསྒྲིལ་གོང་བུ་གཅིག་གྱུར་གྱི་སྲིད་བྱུས་དོན་དམ་ལག་བསྟར་ཡོང་བའི་ཆེད་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱས་ཤིང་། ཕྱི་ལོ་ ༡༩༥༤།༥༥ ལོར་བོད་མིའི་ཚབ་བྱས་ཏེ་ངོས་རང་རྒྱལ་ས་པེ་ཅིང་དུ་ཆེད་བསྐྱོད་ཀྱིས་གཙོ་འཛིན་མའོ་ཀྲུ་ཞིས་མཚོན་ཏང་སྲིད་དམག་གསུམ་གྱི་ཆེས་མཐོའི་དབུ་འཁྲིད་རྣམ་པར་བོད་རིགས་ཡོངས་ཀྱི་མདུན་ལམ་གྱི་སྐོར་གྲོས་མོལ་གྱི་གོ་སྐབས་བླང་བ་དང་། སྐབས་དེར་རེ་བ་དང་ཡིད་ཆེས་ཆེན་པོ་རྙེད་དེ་བོད་དུ་ཕྱིར་ལོག་སྐབས་བློ་བདེ་གདེང་འཁེལ་བྱུང་རུང་། ༡༩༥༥ ལོ་མཇུག་ནས་བོད་ས་འགར་གཡོན་ཐལ་གྱི་བྱུང་བ་རིམ་བསྟུད་མཐར་ ༡༩༥༩ ལོར་གངས་ལྗོངས་ས་གནས་ཚང་མར་དཀའ་ངལ་འཕྲད་དེ་ངེད་རང་ཐེ་བའི་བོད་མི་འབུམ་ཚོ་བརྒལ་བ་ཞིག་བཙན་བྱོལ་བྱ་དགོས་བྱུང་སྟེ་ད་ཆ་མི་ལོ་ ༤༦ ཧྲིལ་པོ་སོང་ཟིན། ཕྱི་ལོ་ ༡༩༧༤ ཙམ་ནས་འབྱུང་འགྱུར་རྒྱ་བོད་ཞི་མོལ་གྱི་གོ་སྐབས་ཤིག་ཅིས་ཀྱང་ཡོང་ངེས་ལ་དེ་སྐབས་གྲོས་འཆར་འདོན་རྒྱུར་དབུ་མའི་ལམ་གྱི་རྩ་དོན་གཏན་འཁེལ་བྱས་ཤིང་། ཕྱི་ལོ་ ༡༩༧༩ ལོར་པེ་ཅིང་གི་དབུ་འཁྲིད་རྣམ་པ་དང་ཐད་འབྲེལ་བྱུང་ནས་དེང་ཤའོ་ཕིང་གིས་རང་བཙན་མ་རྩོད་ན་གནས་ཚུལ་གཞན་དག་ཚང་མ་གྲོས་མོལ་གྱི་ལམ་ནས་ཐག་གཅོད་ཡོང་རྒྱུའི་ཞལ་བཞེས་བྱུང་བ་ནས་བཟུང་ལྷག་བསམ་རྣམ་དག་གིས་དབུ་མའི་ལམ་གྱི་སྲིད་བྱུས་འགྱུར་བ་མེད་པ་ལག་བསྟར་བྱས་པ་ཡིན། རྒྱལ་སྤྱི་དང་། རྒྱལ་ནང་། བོད་ནང་བཅས་པར་བཟོད་བསྲན་དཀའ་བའི་གནས་ཚུལ་ཇི་འདྲ་ཞིག་བྱུང་རུང་སྐབས་སོ་སོར་དངོས་དོན་དང་མཐུན་པའི་སྐྱོན་བརྗོད་བྱེད་པ་ཙམ་མ་གཏོགས། དུས་དང་གནས་སྟངས་གང་འདྲ་ཞིག་གི་སྐབས་སུའང་དབུ་མའི་ལམ་གྱི་སྲིད་བྱུས་དང་འགལ་བ་ནམ་ཡང་བྱས་མེད་པ་འཛམ་གླིང་སྤྱི་གསལ་ལྟར་ལགས། འོན་ཀྱང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་གཞི་མེད་ཀྱི་དོགས་པ་རྣམ་རྟོག་སྣ་ཚོགས་ཀྱི་ཐོག་འདི་ནས་ཁ་ཚིག་དོན་ལ་མི་གནས་པའི་ཁ་བྲལ་གྱི་རེ་འདུན་བཅངས་པ་དང་། ལྐོག་གཡོའི་བྱ་སྤྱོད་སྤེལ་གྱི་ཡོད་ལུགས་སྐྱོན་འཛུགས་མུ་མཐུད་བྱེད་བཞིན་པ་རེད།

ཕྱི་ལོ་ ༢༠༠༢ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཐད་འབྲེལ་བསྐྱར་གསོ་བྱུང་བ་ནས་བཟུང་ངོས་ཀྱི་ངོ་ཚབ་རྣམས་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་མི་སྣའི་དབར་འབྲེལ་མོལ་རིམ་པར་བྱུང་སྐབས་སུ་ཕན་ཚུན་གསལ་བཤད་གོ་བསྡུར་ཞིབ་ལྷུགས་བྱུང་འདུག་པ་འདིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐུགས་དོགས་རྣམས་སངས་ཐུབ་པ་དང་། བསམ་ཚུལ་དང་ལྟ་ཚུལ་མི་མཐུན་པ་རྣམས་གྲོས་མོལ་གྱི་ལམ་ནས་རིམ་གྱིས་བསལ་ཏེ་གཉིས་མོས་ཀྱི་ཐབས་ལམ་ཞིག་རྙེད་སོན་ཐུབ་པའི་རེ་བ་བྱུང་བ་དང་། ལྷག་པར་ཉེ་ཆར་བདུན་ཕྲག་ཁ་ཤས་སྔོན་འབྲེལ་མོལ་ཐེངས་ལྔ་པ་བྱས་ཤིང་ད་རེས་ཀྱི་འབྲེལ་མོལ་དེས་ཕྱོགས་གཉིས་ཀའི་ད་ཡོད་ཀྱི་ལྟ་ཚུལ་མི་མཐུན་པ་ཆེ་ཁག་གི་གནས་ཚུལ་དང་རྒྱུ་མཚན་གསལ་རྟོགས་ཐུབ་པ་དང་། འགལ་བ་དེ་ཚོ་སེལ་བའི་མཐུན་རྐྱེན་ཇི་དགོས་ཤེས་རྟོགས་ཡོང་བར་ཕན་ཐོགས་བྱུང་འདུག སྐབས་དེར་འབྲེལ་ཡོད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སྣར་ངེད་རང་རྒྱ་ནག་ཏུ་ལྟ་སྐོར་གནས་མཇལ་ཞིག་ཡོང་འདོད་ཡོད་པ་བསྐྱར་ནན་གསལ་བརྗོད་བྱས་ཡོད་ཅིང་། རྒྱ་ནག་ནི་ནང་ཆོས་ཡུན་རིང་དར་བའི་ས་ཁུལ་ཞིག་ཡིན་པ་མ་ཟད། རྩ་ཆེའི་གནས་ཆེན་མང་པོ་ཡོད་པ་དང་། དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྱུར་བ་དང་། ཡར་རྒྱས་རྣམས་དངོས་སུ་མཐོང་ཐོས་ཉམས་མྱོང་ཡོང་རྒྱུ་བཅས་ཀྱི་རེ་བ་ཡོད།

ཉེ་བའི་ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས་ཡར་རྒྱས་ཀྱི་མགྱོགས་ཚད་གཟེངས་ཐོན་བྱུང་འདུག་པ་དེ་ནི་བསྟོད་བསྔགས་འོས་པ་ཞིག་རེད། དེ་དང་ཆབས་ཅིག་བོད་རིགས་གནས་ཡུལ་ས་ཁུལ་ཁག་ཏུའང་སྒྲོམ་གཞིའི་འཛུགས་སྐྲུན་རྒྱ་མི་ཆུང་བ་ཞིག་བྱུང་ཡོད་པའང་བཟང་ཕྱོགས་ཀྱི་འགྱུར་འགྲོས་ཤིག་ཡིན་པར་རྒྱུན་དུ་ངོས་འཛིན་བྱེད་ཀྱི་ཡོད། མི་ལོ་ལྔ་བཅུ་ལྷག་གི་བྱུང་བར་ཞིབ་སྐབས་མའོ་ཀྲུ་ཞིའི་དུས་སྐབས་མརྐསེ་དང་ལེ་ནིང་རིང་ལུགས་ཀྱི་ལྟ་གྲུབ་གཙོ་བཟུང་གི་ལས་འགུལ་མང་པོ་བྱུང་བ་དང་། དེ་ནས་དེང་ཤའོ་ཕིང་གི་དུས་སྐབས་དངོས་ཐོག་བདེན་འཚོལ་གྱི་ལམ་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རྭའི་དཔལ་འབྱོར་ལམ་སྲོལ་སྒོ་ཕྱེ་ནས་དཔལ་འབྱོར་ཡར་རྒྱས་ཧ་ཅང་ཆེན་པོ་བྱུང་ཞིང་། དེ་རྗེས་ཅང་ཙེ་མིན་གྱི་དུས་སྐབས་དམར་ཤོག་དེ་བཟོ་ཞིང་ངལ་རྩོལ་མི་མང་གཅིག་པུའི་ཆེད་མིན་པར་མཚོན་བྱེད་གསུམ་གྱི་ལྟ་གྲུབ་ལ་བརྟེན་ནས་ཐོན་བསྐྱེད་དང་། རིག་གཞུང་། མང་ཚོགས་ཀྱི་གཞི་རིམ་གྱི་མངོན་འདོད་བསྒྲུབ་ཐབས་བཅས་ཀྱི་ཡར་རྒྱས་ཕྱིན་ཡོད། ད་སྐབས་སྲིད་འཛིན་ཧུའུ་ཅིན་ཐའོས་ཞི་བདེའི་འཆམས་མཐུན་གསུམ་གྱི་ཐབས་བྱུས་ལ་བརྟེན་ནས་རྒྱལ་སྤྱི་དང་། རྒྱལ་ནང་། ཁྱིམ་མཚེས་བཅས་པར་འཆམས་མཐུན་མཉམ་གནས་ཡོང་ཐབས་ཀྱི་མངོན་འདོད་ཡོད་པ་རྣམས་དུས་ཀྱི་འགྱུར་བ་དང་འཚམས་པའི་སྲིད་དབང་གི་རྒྱུད་རིམ་དང་། རྒྱལ་ཁབ་ཀྱི་འཛུགས་སྐྲུན་རྒྱུན་བསྐྱངས་ཀྱིས་ད་ལྟའི་ཆར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྤྱིའི་ནང་སྟོབས་ལྡན་གྲས་སུ་རིམ་བཞིན་འབུར་ཐོན་ཡོང་བཞིན་པ་ནི་རྒྱ་ནག་གི་མི་འབོར་དང་ལོ་རྒྱུས་གང་གི་ཆ་ནས་འོས་ཤིང་འཚམས་པ་ཡི་རངས་འོས་པ་ཞིག་ཡིན། འོན་ཀྱང་འདོར་དུ་མེད་པའི་གནད་དོན་གལ་ཆེ་ཤོས་ཤིག་ནི་ཆབ་སྲིད་ཀྱི་སྟོབས་ཤུགས་དང་།དཔལ་འབྱོར་གྱི་ཡར་རྒྱས་དང་ཆབས་ཅིག སྤྱི་ཚོགས་གུ་ཡངས། རང་དབང་ལྡན་པའི་གསར་འགྱུར། སྲིད་བྱུས་གང་ཡང་ཕྱི་གསལ་ནང་གསལ་སོགས་དེང་རབས་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་དང་མཐུན་པ་ཞིག་དགོས་གལ་ཤིན་ཏུ་ཆེ་སྟེ། དེ་ནི་དོན་དམ་གྱི་ཞི་བདེ་འཆམས་མཐུན་བརྟན་ལྷིངས་ཡོང་བའི་རྨང་གཞི་ཡིན་པ་ཤེས་ལྡན་ཀུན་གྱིས་མཐོང་ཆོས་སུ་གྱུར་བ་འདི་ཡིན།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་ཡོད་པའི་གྲངས་ཉུང་མི་རིགས་ལྔ་བཅུ་ང་ལྔའི་ནང་མི་འབོར་མང་གྲས་སུ་ཚུད་པའི་བོད་རིགས་རྣམས་ནི་གྲངས་ཉུང་མི་རིགས་གཞན་དང་མི་འདྲ་བའི་ས་བབས་དང་། ལོ་རྒྱུས། སྐད་ཡིག རིག་གཞུང་། ཆོས་དང་ཡུལ་གོམས་གཤིས་ལུགས་བཅས་གང་གི་ཆ་ནས་ཆེས་ཁྱད་པར་བ་ཞིག་ཡིན་པ་འཛམ་གླིང་ཚང་མས་མཐུན་སྣང་དུ་གྲུབ་ཡོད་པ་མ་ཟད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདས་པའི་མཐོ་རིམ་གྱི་དབུ་འཁྲིད་མང་པོས་ངོས་འཛིན་གསལ་པོ་གནང་ཡོད། ངོས་ཀྱི་རེ་འདུན་ནི་བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་སུ་རྫོགས་པར་རང་ཁྱིམ་རང་བདག་དང་། རང་སྲིད་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་ཡོང་དགོས་པ་དེ་གཅིག་པུ་ཡིན། རེ་འདུན་དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ཆ་རྐྱེན་ཡོད་པ་དང་། བསྒྲུབ་ཐུབ་པ་ཞིག་ཡིན་སྟབས། ཁྲིམས་དང་མཐུན་པ། འོས་ཤིང་འཚམས་པ། རྒྱུ་མཚན་དང་ལྡན་པ། གཞིས་བྱེས་བོད་མིའི་མངོན་འདོད་དང་མཐུན་པ་ཞིག་ཡིན། དེ་འདྲའི་རེ་འདུན་ནི་འདས་པ་ལས་མ་འོངས་པ་གལ་ཆེ་བར་བརྩིས་ཏེ་ད་ལྟའི་དངོས་ཡོད་ཀྱི་གནས་ཚུལ་དང་། མ་འོངས་པའི་ཁེ་ཕན་ལ་གཞི་བཅོལ་ཏེ་བཏོན་པ་ཡིན། འདས་པའི་དུས་རབས་རིང་པོའི་ལོ་རྒྱུས་ནི་ངོ་བོ་དང་འགྲེལ་བརྗོད་བྱེད་ཕྱོགས་གཅིག་གྱུར་ཞིག་མེད་པས། དེའི་ཐོག་ནས་བྱེད་ཐབས་བདེ་པོ་ཞིག་ཡོང་རྒྱུ་ཤིན་ཏུ་དཀའ་བས། ངོས་ནས་ཡང་ནས་ཡང་དུ་འདས་པའི་ལོ་རྒྱུས་ཇི་ལྟར་ཡང་མ་འོངས་བོད་ཀྱི་མདུན་ལམ་ཁ་བྲལ་མིན་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ནས་འཚོལ་ཐབས་བྱ་རྒྱུ་ཡིན་ཞེས་ཕྱི་ནང་གང་སར་རྒྱ་ཁྱབ་གསལ་བསྒྲགས་བྱས་དང་བྱེད་བཞིན་པ་ཡིན་སྟབས། རང་ཁྱིམ་རང་བདག་གི་གནས་བབ་དོན་དམ་པའི་སྒོ་ནས་ལག་བསྟར་ཡོང་ཐབས་ཀྱི་སྐོར་དགོས་འདུན་གང་འདྲ་ཞིག་བཏོན་ཡང་ཁ་བྲལ་གྱི་ཕྱོགས་སུ་མི་འགྲོ་བ་ནི་དོགས་པས་བདེན་དོན་མ་བསྒྲིབ་ན་སུས་ཀྱང་གསལ་རྟོགས་ཐུབ་པ་ཞིག་རེད། བདེན་དོན་འདི་ལྟར་ལ་བརྟེན་རྒྱ་ནག་ནང་རིམ་བཞིན་དལ་བུས་ཡར་རྒྱས་འགྲོ་བཞིན་པའི་རང་དབང་དང་། གུ་ཡངས། གསར་འགྱུར་བརྒྱུད་ལམ་སོགས་མཐུན་པའི་རྐྱེན་ཚོགས་པའི་ཐོག་ནས་བོད་རྒྱའི་དཀའ་རྙོག་ཞི་མོལ་གྱི་ལམ་ནས་སེལ་ཐུབ་པའི་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད། དེར་བརྟེན་འབྲེལ་བ་མུ་མཐུད་དང་། བཟང་ཕྱོགས་ཀྱི་ཁོར་ཡུག་བསྐྲུན་ཐབས་ལ་འབད་བརྩོན་ཡོད་རྒུ་རྩལ་སྤྲུགས་བྱས་དང་བྱེད་མུས་ཡིན་ལ། བཙན་བྱོལ་བཀའ་ཤག་གིས་རྒྱལ་སྤྱིའི་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་། བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་ཞི་མོལ་གྱི་ཁོར་ཡུག་བསྐྲུན་དགོས་པའི་འབོད་བསྐུལ་སྔ་རྗེས་བྱས་ཡོད་པ་ལྟར། ད་ལམ་སླར་ཡང་གལ་ཆེ་ནན་དཔེའི་ཚུལ་དུ་བོད་ཀྱི་དཀའ་རྙོག་བོད་རྒྱ་ཞི་མོལ་གྱི་ལམ་ནས་སེལ་ཐབས་སུ་ད་ལྟ་འགྲོ་བཞིན་པའི་ལས་རིམ་འདི་ཚང་མས་མ་ལན་མ་འགྱོད་པ་ཞིག་བསྒྲུབ་ཐབས་བྱ་རྒྱུའི་ཆེད་བོད་མི་ཡོངས་ནས་བཀའ་ཤག་གི་འབོད་བསྐུལ་གཞིར་བཟུང་ཐུགས་སྣང་དམ་དོན་ཡོང་བ་དང་། འཛམ་གླིང་ཁྱོན་ཡོངས་སུ་ཡོད་པའི་བོད་དོན་རྒྱབ་སྐྱོར་བ་དང་། བོད་རིགས་ལ་ཤ་ཞེན་དང་ཐུགས་སྣང་ཡོད་པ་ཚང་མར་དེ་མཚུངས་ཀྱི་འབོད་བསྐུལ་བྱེད་ཀྱིན་ཡོད། ཕྱོགས་མཚུངས་གནའ་བོའི་བོད་ཀྱི་གཏམ་དཔེར་ལག་པ་ཡ་གཅིག་གི་བཟློག་པ་མི་ཡོང་ཟེར་བ་ལྟར་བཟང་ཕྱོགས་ཀྱི་ཁོར་ཡུག་ཀྱང་ཕྱོགས་གཅིག་རྐྱང་པས་བསྐྲུན་ཐབས་མེད་པས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་ཀྱང་གལ་སྲིད་ད་ལྟའི་འབྲེལ་ལམ་འདིའི་བརྒྱུད་ནས་གྲོས་མོལ་བྱ་རྒྱུའི་ལས་རིམ་འདི་ལ་ལྷག་ བསམ་རྣམ་དག་གིས་གལ་གནད་ཅིག་གཟིགས་ཀྱི་ཡོད་ཚེ་དེ་དོན་མཚོན་ཐུབ་པའི་རྣམ་འགྱུར་གསལ་པོ་ཞིག་ཁྱེད་རྣམ་པའི་ངོས་ནས་ཀྱང་སྟོན་གལ་ཆེ་བས་དེ་ལུགས་རེ་བསྐུལ་བྱེད་རྒྱུ་ཡིན།

དེ་རིང་གི་གོ་སྐབས་འདི་བརྒྱུད་འཛམ་གླིང་ཁྱོན་ཡོངས་སུ་གནས་པའི་ང་ཚོར་སྔ་བར་ཕྱི་གསུམ་དུ་འགྱུར་བ་མེད་པའི་རྒྱབ་སྐྱོར་གནང་དང་གནང་བཞིན་ཡོད་པ་རྣམས་ལ་བསྔགས་བརྗོད་དང་། ཐུགས་རྗེ་ཆེ་ཞེས་བརྗོད་རྒྱུ་དང་། དེ་བཞིན་རྒྱ་གར་གཞུང་དང་།མི་མང་ནས་ང་ཚོར་གཡོ་བ་མེད་པ་དང་། གཞན་འགྲན་མ་མཆིས་པའི་མཐུན་འགྱུར་རོགས་རམ་དང་རྒྱབ་སྐྱོར་གནང་བར་ངོས་ནས་བོད་མི་ཡོངས་ཀྱི་ཚབ་བྱེད་དེ་སླར་ཡང་ཐུགས་རྗེ་དང་།བཀྲིན་བླ་མེད་དུ་ཆེ་ཞེས་བརྗོད་རྒྱུ་ཡིན། བོད་རྒྱ་ཁྱབ་ཏུ་ཡོད་པའི་བོད་རིགས་ཡོངས་ཀྱི་གནས་བབ་དང་སེམས་ཚོར་རྣམས་དྲན་བཞིན་ཚང་མར་རྗེས་བརྩེའི་སྐྱབས་སྨོན་དང་། འགྲོ་ཀུན་བདེ་བའི་སྨོན་ལམ་བཅས། ཤཱཀྱའི་དགེ་སློང་ཏཱ་ལའི་བླ་མས། ཕྱི་ལོ་ ༢༠༠༦ ཟླ་ ༣ ཚེས་ ༡༠ ལ།།

Share with your friends










Submit