བདེ་སྲུང་ལས་ཁུངས།



    བོད་གཞུང་བདེ་སྲུང་ལས་ཁུངས་འདི་བཞིན་བཙན་བྱོལ་བོད་གཞུང་གི་བཀའ་བློན་ལས་ཁུངས་བདུན་གྱི་གྲས་ནས་གཅིག་ཡིན་པ་དང་། ལས་ཁུངས་འདི་ཐོག་མར་ ༡༩༥༩ ལོར་གསར་འཛུགས་བསྐྱངས་ཤིང་། ལས་ཁུངས་འདིའི་ལས་འགན་གཙོ་བོ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱའི་ཉེན་སྲུང་ཞུ་རྒྱུ་དེ་ཡིན་ཅིང་།

བདེ་སྲུང་ལས་ཁུངས།

བོད་གཞུང་བདེ་སྲུང་ལས་ཁུངས་འདི་བཞིན་བཙན་བྱོལ་བོད་གཞུང་གི་བཀའ་བློན་ལས་ཁུངས་བདུན་གྱི་གྲས་ནས་གཅིག་ཡིན་པ་དང་། ལས་ཁུངས་འདི་ཐོག་མར་ ༡༩༥༩ ལོར་གསར་འཛུགས་བསྐྱངས་ཤིང་། ལས་ཁུངས་འདིའི་ལས་འགན་གཙོ་བོ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱའི་ཉེན་སྲུང་ཞུ་རྒྱུ་དེ་ཡིན་ཅིང་། ཕྱོགས་མཚུངས་བཙན་བྱོལ་སྤྱི་ཚོགས་ནང་འགྱུར་འགྲོས་ཀྱི་གནས་ཚུལ་ལ་བརྟག་ཞིབ་དང་། ལྷག་པར་དུ་བོད་ནང་གི་འགྱུར་འགྲོས་གནས་སྟངས་ཐད་རྟོག་ཞིབ་ཞུ་རྒྱུ་སོགས་དམིགས་བསལ་ལས་འགན་ཡོད།
ད་ལྟའི་ཆར་བཀའ་བློན་དང་དྲུང་ཆེ་རྣམ་གཉིས་ཀྱི་སྟངས་འཛིན་འོག་རྒྱུན་གཏན་གྱི་ཞུ་སྒོ་ཁག་གྲུབ་བཞིན་ཡོད་ཅིང་། གཞན་ཡང་བདེ་སྲུང་ལས་ཁུངས་ཀྱི་ཐད་ཀའི་སྟངས་འཛིན་འོག་ཡན་ལག་སྡེ་ཚན་ཇི་ཡོད་གཤམ་གསལ༔

རྡ་སྟེང་བདེ་སྲུང་ཡན་ལག་ལས་ཁུངསཿ

ཡན་ལག་ལས་ཁུངས་འདི་བཞིན་ལས་ཁུངས་དབུས་མ་རྒྱ་བསྐྱེད་ཀྱིས་ཆེད་བཙུགས་ཞུས་པ་ཞིག་ཡིན་ཅིང་། ལས་ཁུངས་འདིས་རྒྱུན་དུ་ཕྱི་རྒྱལ་སོགས་ཕྱོགས་མཐའ་ནས་འབྱོར་རིགས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཇལ་ཞུ་མི་རྣམས་ཀྱི་ཐོ་བཀོད་དང་ཆབས་ཅིག་སྔོན་འགྲོའི་ཞིབ་འཇུག་དང་སྦྲགས་དཔལ་ལྡན་སྐུ་སྒེར་ཡིག་ཚང་བརྒྱུད་༧སྙན་སེང་བཀའ་འཁྲོལ་ཐོན་མཚམས་བརྡ་སྱོར་གྱིས་མཇལ་མང་གོ་སྒྲིག་ཞུ་ཡི་ཡོད། དེ་བཞིན་ཡན་ལག་འགན་འཛིན་ནས་ཕོ་བྲང་སྐུ་སྲུང་དང་། ཕོ་བྲང་ཁོར་ཡུག་ཏུ་སྐུ་ཕྱ་དང་འབྲེལ་བའི་ལས་དོན་རྟོགས་ཞིབ་ཀྱིས་ཡར་རྒྱས་གཏོང་དགོས་མཆིས་རིགས་སྐབས་མཚམས་འབྲེལ་ཡོད་དང་བཀའ་བསྡུར་འགན་འཁུར་ཞུ་བཞིན་ཡོད། གཞན་་ཡང་བཞུགས་སྒར་དུ་གནས་འཁོད་བོད་མི་ལོ་ན་སོན་རིགས་དང་། སློབ་གྲྭ་བ་སོགས་བོད་མི་སྤྱི་བྱིངས་ལ་གནས་ཡུལ་གཞུང་གི་ལོ་ཚད་གཏན་འབེབས་གཞིར་བཟུང་ལོ་ན་སོན་མཚམས་ཡན་ལག་ལས་ཁུངས་ནས་སྐྱབས་བཅོལ་བའི་ལག་འཁྱེར་གསར་བཟོ་དང་། ལག་འཁྱེར་དུས་འགྱངས། ཕྱི་བསྐྱོད་ཆོག་མཆན་ཞུ་སྒོ་བཅས་པར་ས་གནས་འབྲེལ་ཡོད་དང་ཟུང་འབྲེལ་འགན་འཁུར་ཞུ་བཞིན་ཡོད།

དབྱིན་བོད་ཚིག་ཐོ་སྡེ་ཚན་དང་། དཔྱད་ཞིབ་སྡེ་ཚནཿ

བདེ་སྲུང་ལས་ཁུངས་ཀྱི་སྟངས་འཛིན་འོག་ཆེད་བཙུགས་ཞུས་པའི་དབྱིན་བོད་ཚིག་ཐོ་སྡེ་ཚན་ནས། བོད་ནས་གཉེན་འཕྲད་དང་། གནས་བསྐོར། བྲོས་བྱོལ་ཡོང་མི་བཅས་ཚང་མར་ཞིབ་འཇུག་གང་ཐུབ་དང་སྦྲགས་དོ་བདག་གི་ཚིག་ཐོ་ལེན་འགོད་ཞུ་བཞིན་པ་དང་། དཔྱད་ཞིབ་སྡེ་ཚན་ནས་གོང་གསལ་ཚིག་ཐོ་སྡེ་ཚན་ནས་ལེན་བཀོད་ཟིན་པའི་དོ་བདག་གི་ཚིག་ཐོར་བསྐྱར་དུ་དཔྱད་ཞིབ་ཞུས་ཏེ་ཁ་མ་གསལ་བའི་རིགས་སོགས་བསྐྱར་འདྲི་དང་། ཆབ་སྲིད་དང་འོས་འཚམས་གནས་ཚུལ་རིགས་མཁོ་བཏོན་གྱིས་རང་གཞུང་གི་མཛད་གཙོ་རྣམ་པའི་མཁྱེན་རྟོགས་སླད་འབུལ་བཞིན་ཡོད།

བོད་གནས་ཉམས་ཞིབཿ

བོད་གནས་ཉམས་ཞིབ་ཁང་འདི་བཞིན་བདེ་སྲུང་ལས་ཁུངས་ཀྱི་ཁོངས་སུ་གཏོགས་པའི་ཉམས་ཞིབ་ཁང་ཞིག་ཡིན་པ་དང་། རྒྱུན་དུ་ལས་ཁུངས་འདིའི་ལས་འགན་གཙོ་བོ་ནི་བོད་ཆོལ་ཁ་གསུམ་སྤྱི་ཡོངས་ཀྱི་གནས་སྟངས་ལ་ཉམས་ཞིབ་ཀྱིས་ཡིག་ཆ་བསྡུ་གསོག་ཞུ་རྒྱུ་དང་། བོད་དང་འབྲེལ་ཡོད་ཀྱི་རླུང་འཕྲིན་ཁག་ཕབ་བསྒྱུར་ཉམས་ཞིབ་ཞུ་རྒྱུ། རྒྱ་ནག་གི་གནས་ཚུལ་འགྱུར་འགྲོས་ཁག་ལ་ཉམས་ཞིབ་ཞུ་རྒྱུ་དང་རྒྱ་ཡིག་ཐོག་ཡོད་པའི་ཡིག་ཆ་དང་། སྐབས་འཕྲལ་གསར་འགྱུར་ཁག་བོད་བསྒྱུར་གྱིས་ཉམས་ཞིབ་དང་ཡིག་བསྒྱུར་ཞུས་པའི་གལ་ཆེའི་དེབ་རིགས་མཁོ་འདོན་ཞུ་རྒྱུ། དེ་བཞིན་ནང་ཁུལ་དཔྱད་ཡིག་ཞེས་པའི་ཡིག་ཆ་ཞིག་ཟླ་བ་གཉིས་རེའི་མཚམས་ཕྱོགས་བསྒྲིགས་ཀྱིས་གོང་རིམ་མཛད་གཙོ་རྣམ་པར་འབུལ་འགྲེམས་ཞུ་རྒྱུ། ཟླ་རེའི་མཚམས་བོད་གནས་ཕྱོགས་བསྡུས་ཞེས་པའི་གསར་འགྱུར་ཁག་འབྲེལ་ཡོད་ལས་ཁུངས་ཁག་ལ་འབུལ་འགྲེམས་བཅས་ཞུ་བཞིན་ཡོད།

སྣེ་ལེན་འབྲེལ་མཐུད་ཁངཿ

སྣེ་ལེན་འབྲེལ་མཐུད་ཁང་གི་ལས་ཁུངས་དབུས་མ་བཞུགས་སྒར་དུ་ཡོད་པ་དང་། དེའི་ཡན་ལག་ལས་ཁུངས་བལ་ཡུལ་དང་ལྡི་ལི་གཉིས་སུ་ཆེད་བཙུགས་ཞུས་ཡོད་ཅིང་། ལས་ཁུངས་འདི་ཐོག་མར་དབུ་འཛུགས་ཞུས་པ་ནས་ད་བར་རང་རིགས་བོད་ནས་གསར་དུ་འབྱོར་བའི་རིགས་ལ་དཀའ་ངལ་སེལ་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད། བལ་ཡུལ་དུ་ཡོད་པའི་སྣེ་ལེན་ཡན་ལག་ཁང་གིས་བལ་བོད་ས་མཚམས་བརྒྱུད་དེ་བྲོས་བྱོལ་དུ་འབྱོར་བའི་བོད་རིགས་སུ་མཆིས་ལ་ཐོག་མའི་སྣེ་ལེན་གྱི་ཞབས་ཞུ་གང་ཐུབ་ཞུས་ཏེ་བཞུགས་གནས་དང་། ཞལ་ལག་སོགས་གོ་སྒྲིག་ཞུ་གི་ཡོད་པ་དང་། བལ་ཡུལ་བརྒྱུད་ལྡི་ལིར་བསྐྱོད་རྒྱུའི་ལམ་གྲོན་དང་སློབ་སྟོན་སོགས་གང་ཐུབ་ཞུ་བཞིན་ཡོད་ཅིང་། ལྡི་ལིར་འབྱོར་མཚམས་བལ་ཡུལ་སྣེ་ལེན་ནས་གནང་བའི་ངོས་སྱོར་གཞིར་བཟུང་ལྡི་ལི་སྣེ་ལེན་ཡན་ལག་ནས་ཀྱང་གོང་མཚུངས་མཐུན་འགྱུར་ཞུས་ཏེ་བཞུགས་སྒར་བར་བདེ་འབྱོར་ཐུབ་ཐབས་བྱེད་བཞིན་ཡོད། བཞུགས་སྒར་སྣེ་ལེན་དུ་འབྱོར་རྗེས་བཞུགས་གནས་དང་། ཞལ་ལག སྨན་བཅོས་སོགས་མཐུན་འགྱུར་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་གོ་སྒྲིག་དང་། དོ་བདག་སོ་སོའི་ལོ་ནའི་བབས་དང་བསྟུན་ཤེས་ཡོན་སློབ་གཉེར་སྤྲོད་རྒྱུའི་ཆེད་རང་ལོ་གཏན་འབེབས་གཞིར་བཟུང་བོད་ཁྱིམ་ཁག་དང་། ཤེས་རབ་དགའ་ཚལ་སློབ་གླིང་། དགེ་བཙུན་རིགས་དགོན་སྡེ་ཁག་ལ་གཏོང་ཐབས་སོགས་སྒྲིག་གསལ་འགྲོ་ལུགས་ཆ་ཚང་བཟོས་ཏེ་སྐྱེལ་མ་ཞུ་བཞིན་ཡོད་པ་བཅས་ཀྱི་ངོ་སྤྲོད་རགས་བསྡུས་སུ། བོད་གཞུང་བདེ་སྲུང་ལས་ཁུངཔྲས་ནས། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༦ ལ།།


གསར་གནས་གཞན།
  • ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱཱ་དང་འབྲེའ་བའི་བཀའ་ཤག་གི་གསལ་བསྒྲགས།

  • ༄༅། །སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཁེ་ན་ཌ་དང། ཨ་རི་བཅས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་གྲུབ་ཏེ་བཞུགས་སྒར་དུ་ཕྱིར་འཁོར་བ།

  • ནང་སྲིད་བཀའ་བློན་མཆོག་རྒྱ་གར་གནའ་དངོས་ཤུལ་རྫས་དཔྱད་རིག་རྟོགས་ཞིབ་ཚོགས་པ་བཙུགས་ཏེ་ལོ་བརྒྱ་དང་ལྔ་བཅུ་འཁོར་བའི་དུས་ཆེན་སྲུང་བརྩི་སྐབས་སྐུ་མགྲོན་གཙོ་བོར་མགྲོན་འབོད་ཞུས་པ།

  • ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གསེར་གྱི་རྟགས་མ་འབུལ་ལམ་ཞུས་རྗེས་ཤེས་རབ་སྙིང་པོའི་བཀའ་ཆོས་དབུ་འཛུགས་མཛད་པ།

  • ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཊི་རི་ཡར་གསར་འགོད་ལྷན་ཚོགས་ཐོག་བཀའ་སློབ་སྩལ་བ།

  • སྤྱི་ཚོགས་དྲ་འབྲེལ།