སྐུ་སྒེར་ཡིག་ཚང་།

སྐུ་སྒེར་ཡིག་ཚང་།

༄༅། །སྐུ་སྒེར་ཡིག་ཚང་ནི་བོད་གཞུང་གི་ཁྱབ་ཁོངས་ཡན་ལག་ལས་ཁུངས་སམ། སྡེ་ཚན་ལྟ་བུ་མ་ཡིན་པར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་སྒེར་གྱི་ཡིག་ཚང་ཞིག་ཡིན། ཡིག་ཚང་འདིའི་དྲུང་ཆེ་རྣམས་༸གོང་ས་༸སྐྱབས་མགོན་ཆེན་པོས་ཐད་ཀར་དམིགས་འཛུགས་བསྐོ་བཞག་གནང་གི་ཡོད། འདིའི་ནང་བོད་ཡིག་དང་དབྱིན་ཡིག་གི་སྡེ་ཚན་གཉིས་ཡོད་པ་ནས་བོད་རིགས་གཙོ་གྱུར་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་སྣར་འབྲེལ་བ་བྱེད་མཁན་གྱི་ཚན་པ་གཅིག་དང་། ཕྱི་རྒྱལ་བར་འབྲེལ་གཏུགས་བྱེད་མཁན་སྡེ་ཚན་བཅས་གཉིས་ཡོད།
ལས་ཁུངས་འདིའི་ལས་འགན་གཙོ་བོ་ནི། ༸གོང་ས་སྐྱབས་༧མགོན་ཆེན་པོར་གཞིས་བྱེས་བོད་མི་སེར་སྐྱ་སྨོས་ཅི། འཛམ་གླིང་གི་ས་ཁུལ་མང་པོ་ནས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་མི་སྣ། ཆོས་དང་རིག་གཞུང་གི་སྡེ་ཁག མཁས་དབང་། བོད་དོན་ཐོག་བརྩེ་ཞེན་སེམས་ཁུར་ཡོད་པའི་མི་སྣ་དུ་མས་༧སྙན་ཞུ་ཁག་ཕུལ་འབྱོར་ཡོང་མུས་རྣམས་སྤྱན་ཞུ་དང་འབྲེལ་བཀའ་དགོངས་བཞིན་བཀའ་ལན་ཁག་དུས་ཐོག་སོ་སོར་གཏོང་རྒྱུ། བཀའ་ཤག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་མཚོན་བོད་གཞུང་ལས་ཁུངས་མ་ལག་ཁག་དང་ཆོས་སྒར་བཅས་པར་འབྲེལ་བ་ཞུ་རྒྱུ། ཕྱི་ནང་མི་རིགས་ཀྱི་མཇལ་ཁ་དང་། ཕྱོགས་ཕེབས་ཁག་གི་མཛད་འཆར་གོ་སྒྲིག་ཞུ་རྒྱུ། བསྟན་སྲིད་དང་སྐུ་ཕྱའི་ཞབས་རིམ་འཆར་འཕར་ཁག་སྒྲུབ་རྒྱུ། ཕོ་བྲང་ནང་ཁུལ་འཛིན་སྐྱོང་དང་ཞབས་ཞུ་བར་བལྟ་སྐྱོང་བྱ་རྒྱུ་བཅས་ཀྱི་ལས་འགན་ཡོད།
སྐུ་སྒེར་ཡིག་ཚང་འདི་ནི་དེ་སྔ་བོད་དུ་༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པའི་སྐུ་དུས་སུ་ནང་མ་ཁང་ཞེས་ཡིག་རིགས་འདྲ་མིན་གྱི་ཞབས་འདེགས་སྒྲུབ་མཁན་ཕོ་བྲང་པོ་ཏ་ལར་རྩེ་སྐུ་སྒེར་ཡིག་ཚང་ཞིག་ཡོད་པ་དང་། ༧རྒྱལ་མཆོག་སྐུ་ཕྲེང་འདིའི་སྐུ་དུས་སུ་ཡང་། ནང་མ་ཁང་ཞེས་མཁན་དྲུང་ཏ་བླ་མའི་དབུ་འཁྲིད་འོག་བོད་ཡིག་དབུ་མེད་དང་། དབུ་ཅན་གྱི་ཡིག་འབྲི་ལས་བྱེད་འགའ་ཤས་གཏན་འཇགས་ཐོག་དགོས་གལ་སྐབས་དབྱིན་ཡིག་དང་། རྒྱ་ཡིག་ཤེས་མཁན་ལས་བྱེད་བཅར་སའི་ཡིག་ཚང་ལས་ཁུངས་ཤིག་ཡོད་པ་དེ་རྒྱ་གར་དུ་མུ་མཐུད་ཚུགས་པ་ཞིག་ཡིན།།