ཤེས་རིག་ལས་ཁུངས།

ཤེས་རིག་ལས་ཁུངས།

༡། ངོ་སྤྲོད།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་བློན་ཆེན་ལས་ཁུངས་བདུན་གྱི་ཡ་གྱལ་ཤེས་རིག་ལས་ཁུངས་ནི། ཕྱི་ལོ་ ༡༩༦༠ ཟླ་ ༡༠ ཚེས་ ༤ ཉིན་བཞུགས་སྒར་དྷ་རམ་ས་ལར་གསར་འཛུགས་བསྐྱངས་ཤིང། ལས་ཁུངས་གསར་འཛུགས་བསྐྱངས་པ་ནས་ལོ་རབས་བདུན་ཅུ་པའི་བར། ལས་ཁུངས་ཀྱི་ལས་འབོར་ལ་གཞིགས་པའི་ལས་བྱེད་མང་པོ་མེད་སྟབས་དྲུང་ཆེའི་ཐད་ཀའི་བཀོད་འདོམས་འོག་ཡོད། ལོ་རབས་བདུན་ཅུ་ནས་བཟུང་བཙན་བྱོལ་ནང་མི་རབས་གཉིས་པ་འཚར་ལོངས་བྱུང་བ་དང༌། སློབ་ཡོན་དང༌། སློབ་འཇུག སློབ་དེབ་སོགས་ཀྱི་ལས་དོན་མང་དག་ཅིག་རིམ་གྱིས་ཐོན་པར་བརྟེན། འཛིན་སྐྱོང་སྡེ་ཚན་དང༌། སློབ་ཡོན་དང་སློབ་འཇུག་སྡེ་ཚན། རྩིས་སྡེ་ཚན། རྩོམ་སྒྲིག་སྡེ་ཚན་བཅས་རྣམས་རིམ་པས་གསར་གཏོད་གནང༌། དེང་སྐབས་ཤེས་རིག་ལས་ཁུངས་སུ་སྡེ་ཚན་བཞི་དང་ཚན་པ་བཅུ་ ཁྱོན་བསྡོམས་གཏན་འཇགས་ལས་བྱེད་ ༥༡ བཅས་ཡོད། ཤེས་རིག་ལས་ཁུངས་ཀྱི་སྡེ་ཚན་དང་ཚན་པ་ཁག་ནི།

ཀ) འཛིན་སྐྱོང་སྡེ་ཚན།
འཛིན་སྐྱོང་ཚན་པ་དང༌། རྩིས་ཁང་ཚན་པ། འཆར་འགོད་ཚན་པ།

ཁ) ཤེས་ཡོན་སྡེ་ཚན།
དེང་རབས་ཤེས་ཡོན་ཚན་པ་དང༌། སྲོལ་རྒྱུན་ཤེས་ཡོན་ཚན་པ། རྩོམ་སྒྲིག་ཚན་པ། ཐ་སྙད་ཚན་པ་བཅས་དང༌། མདུན་ལམ་སློབ་སྟོན་ཚན་པ།

ག) རོགས་སྐྱོར་སྡེ་ཚན།
མཐོ་སློབ་སློབ་ཡོན་དང༌། སློབ་འཇུག་ཚན་པ་བཅས་ཡིན།

ང) ཤེས་ཡོན་ལྷན་ཚོགས།
ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༦ ཉིན་བཀའ་ཤག་གིས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་འབྲུ་དོན་བཞིན། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱི་སྒྲོམ་གཞི་དང་འཛིན་སྐྱོང་སྒྲིག་གཞི་གཏན་འབེབས་དང་འབྲེལ། ལྷན་ཚོགས་ཀྱི་ཚོགས་མི་གསར་བསྐོ་དང་ལས་ཁུངས་དང་ལས་གཞི་གྲ་སྒྲིག་འགོ་འཛུགས་གནང་། ༢༠༡༡ ཟླ་ ༧ པ་ནས་བཟུང༌གནས་སྐབས་རིང་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སྡེ་ཚན་ཞིག་གི་ངོ་བོར་གསར་འཛུགས་གནང།
ཤེས་རིག་ལས་ཁུངས་ཀྱི་ལས་འགན་གཙོ་བོ་ནི། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རེ་བཞིན། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་མི་ཉམས་རྒྱུན་འཛིན་དང། བོད་ཀྱི་བདེན་དོན་འཐབ་རྩོད་སླད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་འོག་བཙན་བྱོལ་གྱི་མི་རབས་གསར་པ་རྣམས་ལ་སྲོལ་རྒྱུན་དང་དེང་རབས་ཤེས་ཡོན་ཚད་ལྡན་སྦྱོར་སྤྲོད་དང། གཞི་རིམ་སློབ་ཐོན་པ་རྣམས་ལ་ལས་རིགས་དང་མཐོ་རིམ་སློབ་སྦྱོང་གི་མཐུན་འགྱུར་རོགས་སྐྱོར། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཤེས་ཡོན་གྱི་གནས་ཚད་ཡར་རྒྱས་བཅས་ཀྱི་ལས་སྒོ་བསྒྲུབས་པ་བརྒྱུད

བོད་མིས་འཇིག་རྟེན་སྤྱི་དང། བྱེ་བྲག་རང་གི༌སྤྱི་ཚོགས་ལ་འཁྲི་བའི་ལས་འགན་ལེགས་འགྲུབ་བྱ༌རྒྱུ་དེ་ཡིན། (ཤེས་རིག་ལས་ཁུངས་ཀྱི་ལོ་རྒྱུས་རྒྱས་པ་ཤེས་རིག་ལས་ཁུངས་ཀྱི་དྲ་གནས་ www.sherig.org/tb ལ་གཟིགས་པར་ཞུ།)

༢། སྡེ་ཚན་སོ་སོའི་ལས་དོན་ངོ་སྤྲོད།

ཀ) འཛིན་སྐྱོང་སྡེ་ཚན།

༢༌༡ འཛིན་སྐྱོང་ཚན་པ།
ལས་ཁུངས་ཀྱི་འཛིན་སྐྱོང་དང་འབྲེལ་བའི་ཡིག་འབྲེལ་ཁག་དང༌། སློབ་ཁག་གི་དགེ་ལས་དང་སློབ་ཕྲུག་རྣམས་ཀྱི་གྲངས་ཐོ་ཆ་ཚང་ཐོ་མཛོད་མ་གཞི་ནང་འཇོག་རྒྱུ། དེ་བཞིན་ཁྱབ་ཁོངས་སློབ་སྡེ་ཁག་ལ་འབྲེལ་སྐྱོང་བྱ་རྒྱུ་བཅས་ཡིན།

༢༌༢ འཆར་འགོད་ཚན་པ།
ཤེས་རིག་ལས་ཁུངས་དབུས་མ་དང༌། ཁྱབ་ཁོངས་བཅས་པའི་རྒྱུན་ལྡན་མིན་པའི་ལས་གཞི་ཕུལ་འབྱོར་བྱུང་མཚམས་དུས་བསྟུན་བསྐྱར་ཞིབ་དང་བཅོས་བསྒྲིགས་ཀྱིས། འཆར་བཟོ་དང་འཆར་འགོད་ལས་ཁུངས་ནས་བཀའ་འཁྲོལ་ཞུས་ཏེ་དགོས་དངུལ་ཐབས་འཚོལ་བྱ་རྒྱུ། རོགས་དངུལ་དོན་སོན་བྱུང་བའི་ལས་འཆར་ནང་གསལ་ལྟར་འབྲེལ་ཡོད་སོ་སོར་ལག་བསྟར་ལམ་སྟོན་དང་རྟོག་ཞིབ་མཇུག་གནོན། སྟངས་འཛིན་ཞུ་དགོས་ཐོག་རོགས་ཚོགས་ཁག་སོ་སོར་ལག་བསྟར་ཇི་ཟིན་སྙན་ཐོ་དང་རྩིས་ཁྲ་དུས་ཐོག་ཁུངས་འབུལ་ཞུ་རྒྱུ།

༢༌༣ རྩིས་ཁང་ཚན་པ།
ཤེས་རིག་ལས་ཁུངས་ཀྱི་རྩིས་དང་འབྲེལ་བའི་ལས་དོན་ཡོངས་རྫོགས་ཀྱི་འགན་འཁུར་ཞུ་རྒྱུ། ལྷག་པར་ལོ་རེའི་རྩིས་ཞིབ་གྲུབ་མཚམས་སྙན་ཐོ་ཁག་ལ་དུས་ཐོག་མཇུག་གནོན། ལས་ཁུངས་ཀྱི་ལོ་རེའི་སྔོན་རྩིས་དང་བསྐྱར་བཅོས་སྔོན་རྩིས་བཟོ་འགོད་ཞུ་རྒྱུ། ཚན་པ་ཁག་གི་ལས་གཞི་དང་འབྲེལ་བའི་རོགས་ཚོགས་ཁག་ལ་གཏོང་དགོས་རྩིས་ཁྲ་བཟོ་འབུལ་སྐབས་ཞིབ་བསྡུར་འཐུས་གཙང་ཞུ་རྒྱུ། གཏན་སློབ་ཁག་དྲུག་གི་རྒྱུན་གྲོན་ཁུངས་གཏོང་དང༌། ནང་ཞིབ་འཐུས་གཙང་ཞུ་རྒྱུ།

ཁ) ཤེས་ཡོན་སྡེ་ཚན།

༢༌༤ སྲོལ་རྒྱུན་ཤེས་ཡོན་ཚན་པ།
སྲོལ་རྒྱུན་ཤེས་ཡོན་ཚན་པ་འདི་ཉིད་ཤེས་རིག་ཚོགས་ཆེན་ཐེངས་བཞི་པའི་གྲོས་ཆོད་དགོངས་དོན་བཞིན་ཕྱི་ལོ་ ༢༠༠༣ ཟླ་ ༡༡ ཚེས་ ༡ ཉིན་གསར་འཛུགས་གནང༌། ཚན་པ་འདི་འཛུགས་པའི་དམིགས་ཡུལ་ནི། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་གིས་གཙོས་སྲོལ་རྒྱུན་རིག་གཞུང་རྒྱུན་འཛིན་ཡོང་ཐབས་དང༌། བོད་ཡིག་བརྒྱུད་ལམ་ཐོག་ཡོད་པའི་སློབ་ཚན་ཡོངས་རྫོགས་ཡར་རྒྱས་ཚགས་ཚུད་ཡོང་བར་དམིགས་བཀར་ནུས་ཤུགས་འདོན་ཆེད་དུ་ཡིན།
ཚན་པ་འདིའི་ལས་འགན་གཙོ་བོ་ནི

• ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་གཞིར་བཟུང་གཞི་རིམ་མཐོ་དམའ་བར་གསུམ་གྱི་དགེ་རྒན་འོས་སྦྱོང་འཛུགས་སྐྱོང་དང༌། བོད་སྐད་བརྒྱུད་ལམ་ཐོག་ཡོད་པའི་སློབ་ཚན་ཡོངས་ཀྱི་སློབ་དགེ་རྣམས་ལ་ཟབ་སྦྱོང་གི་ལས་རིམ་གོ་སྒྲིག
• དཔེ་སྟོན་སློབ་གྲྭས་གཙོས་པའི་སློབ་གྲྭ་ཁག་གི་ཤེས་ཡོན་གནས་སྟངས་ལ་རྟོག་ཞིབ་དང༌། སྔོན་འགྲོ་ནས་གཞི་རིམ་གོང་འོག་བར་གསུམ་སོ་སོའི་དགེ་སློབ་ཀྱི་ལས་འགན་དང་གནས་སྟངས་ལ་རྟོག་ཞིབ།
• བོད་སློབ་འཛིན་ཚོགས་ཁོངས་སུ་ཡོད་པའི་ཆོས་དགེ་དང༌། ཟློས་དགེ། བོད་དགེ་བཅས་ཀྱི་བསྐོ་བཞག་རྒྱབ་གཉེར་ཁུངས་གཏོང་དང༌། བོད་སློབ་འཛིན་ཚོགས་སློབ་གྲྭ་ཁག་གི་ཤེས་ཡོན་རྟོག་ཞིབ་ལ་རམ་འདེགས།
• གཞི་རིམ་སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་སློབ་སྦྱོང་ལ་སྐུལ་འདེད་ཆེད་ལོ་རེར་རྒྱལ་ཡོངས་འཛིན་རིམ་སོ་སོའི་ཕུལ་བྱུང་རྩོམ་ཡིག་འདེམས་སྒྲུག་ལས་རིམ་དང༌། བོད་ཡིག་ཡིག་རྒྱུགས་བྱ་དགའི་ལས་རིམ། དགའ་ལྡན་ཕོ་བྲང་བྱ་དགའི་ལས་རིམ། བོད་ཡིག་ཡིག་གཟུགས་རྩེ་ཕུད་བྱ་དགའ་སོགས་ཀྱི་ལས་རིམ་གོ་སྒྲིག་དང། རྩོམ་ཡིག་ཕྱོགས་སྒྲིག་དང་དཔར་འགྲེམས་སོགས་ཀྱི་མཇུག་སྐྱོང་ལས་དོན།
• རིགས་གཅིག་རྐང་འཛིན་ཉམས་ཞིབ་སློབ་གཉེར་ལས་རིམ་གྱི་འདེམས་རྒྱུགས་དང་རྟོག་ཞིབ༌། མཇུག་གནོན་གཞོགས་འདེགས།
• བོད་ཀྱི་མཐོ་རིམ་སློབ་ཁང་ངོས་འཛིན་དང་ཤེས་ཡོན་རྟོག་ཞིབ་དང་འབྲེལ་བའི་ལས་དོན།
• བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་ཏུ་ཤེས་ཡོན་དང་འབྲེལ་བའི་མཐུན་ རྐྱེན་མཁོ་སྤྲོད་དང༌། གསར་འཛུགས། ལྟ་རྟོག ཞིབ་འཇུག་བཅས་ཀྱི་ལས་དོན།

༢༌༥ དེང་རབས་ཤེས་ཡོན་ཚན་པ།
ད་སྔ་ཤེས་རིག་ལས་ཁུངས་སུ་ཤེས་ཡོན་དང་འཛིན་སྐྱོང་གཉིས་ལོགས་སུ་མེད་པར་དྲུང་ཆེའི་བཀོད་འདོམས་འོག་ཡོད། ཕྱི་ལོ་ ༡༩༩༢ ཡས་མས་ནས་འཛིན་སྐྱོང་སྡེ་ཚན་ལས་ལོགས་སུ་ཐོན་ཏེ། ཤེས་ཡོན་ཉམས་ཞིབ་དང་འཆར་འགོད་སྡེ་ཚན་ཞེས་སྡེ་ཚན་གྱི་ངོ་བོར་བསྒྱུར། ཕྱི་ལོ་ ༢༠༠༣ ལོར་ཤེས་རིག་ཚོགས་ཆེན་ཐེངས་བཞི་པའི་དགོངས་དོན་བཞིན་སྲོལ་རྒྱུན་ཤེས་ཡོན་སྡེ་ཚན་ཟུར་འཛུགས་དང་འབྲེལ། དེ་སྔ་ཡོད་མུས་ཀྱི་ཤེས་ཡོན་སྡེ་ཚན་དེ་དེང་རབས་ཤེས་ཡོན་སྡེ་ཚན་དུ་གྱུར་བ་སྟེ། ཤེས་ཡོན་སྡེ་ཚན་ནང་སྲོལ་རྒྱུན་དང་དེང་རབས་གཉིས་སུ་དབྱེ་ཡོད་ཀྱང་ལས་དོན་མཉམ་རུབ་ངང་བསྒྲུབས་ཡོད། ཕྱི་ལོ་ ༢༠༠༤ ཟླ་ ༡༢ ཚེས་ ༢ ཉིན་བཀའ་ཤག་གི་སྒྲིག་འཛུགས་བསྐྱར་བཅོས་ནང་སྲོལ་རྒྱུན་དང་དེང་རབས། རྩོམ་སྒྲིག་བཅས་སྡེ་ཚན་གསུམ་པོ་ཤེས་ཡོན་སྡེ་ཚན་ཁོངས་སུ་ཚན་པའི་མིང་དུ་གཏན་འབེབས་གནང༌།

ཚན་པ་འདིའི་ལས་འགན་གཙོ་བོ་ནི།

• ཟློས་དགེ་དང༌། ཆོས་དགེ། བོད་དགེ་སོགས་དགེ་རྒན་བསྐོ་འཛུགས་རྒྱབ་གཉེར་དང༌། འདེམས་སྒྲུག་ལས་གཞི། དགེ་ལས་ཟབ་སྦྱོང༌། ལས་གཞི་གསར་གཏོད། གནས་ཚུལ་རྒྱུས་ལོན། ལས་བསྡོམས་སྙན་ཐོ་སོགས་རྒྱ་གར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་དང་འབྲེལ་བའི་ལས་དོན།
• སྔོན་འགྲོ་ནས་གཞི་རིམ་གོང་མ་འཛིན་རིམ་བཅུ་གཉིས་བར་གྱི་དགེ་རྒན་འོས་སྦྱོང་དང་སྦྱོང་བརྡར་ལས་གཞི། རིག་ཚན་སོ་སོའི་དགེ་རྒན་ཟབ་སྦྱོང་གི་ལས་དོན་གོ་སྒྲིག་དང་མཇུག་སྐྱོང་གི་ལས་དོན་ཡོངས་རྫོགས།
• སམ་བྷོ་ཊ་དང༌། བོད་ཁྱིམ་གཉིས། དབུས་བོད་སློབ་འཛིན་ཚོགས། བལ་ཡུལ་གངས་ཅན་བདེ་རྩ། སྒེར་སློབ་བཅས་ཁྱབ་ཁོངས་སློབ་གྲྭ་ཡོངས་སུ་རྫོགས་པར་དངོས་ཤུགས་བརྒྱུད་གསུམ་ནས་ཤེས་ཡོན་རྟོག་ཞིབ་དང་གཟིགས་རྟོག་གི་ལས་དོན།
• དམིགས་བསལ་ཤེས་ཡོན་དང༌། ལས་རིགས་སློབ་སྦྱོང་དང་འབྲེལ་ཡོད་ལས་དོན་ལ་འགན་ཁུར་གྱིས་ཤེས་ཡོན་ལས་འཆར་རྩོམ་སྤེལ།
• སྔོན་འགྲོ་ནས་གཞི་རིམ་གོང་མ་འཛིན་རིམ་བཅུ་གཉིས་བར་གྱི་བོད་མིའི་སློབ་གྲྭ་ཁག་ཏུ་ཚན་རིག་དང་ཨང་རྩིས་སློབ་སྦྱོང་ཡར་རྒྱས་གཏོང་ཕྱོགས་ཐད་ལྟ་རྟོག་དང༌། མཐུན་འགྱུར། མཇུག་སྐྱོང་དང་འབྲེལ་བའི་ལས་དོན་བཅས།

༢༌༦ རྩོམ་སྒྲིག་དང་ཐ་སྙད་ཚན་པ།
ཕྱི་ལོ་ ༡༩༧༩ སྔོན་དུ་རྩོམ་སྒྲིག་ཚན་པ་ཞེས་ཟུར་དུ་མེད་ཀྱང༌། ཨིན་བོད་ཚིག་མཛོད་གསར་སྒྲིག་ལས་དོན་འགོ་འཛུགས་གནང་བ་དང༌། བོད་ཡིག་སློབ་དེབ་རྩོམ་སྒྲིག་སོགས་ཀྱི་ལས་དོན་དང་འབྲེལ་བའི་སྒོ་ནས་ཤེས་རིག་ལས་ཁུངས་ནང་འགོ་བཙུགས་ཏེ། སྐབས་འགར་ཤེས་རིག་རྩོམ་སྒྲིག་ཁང་ལྟ་བུའི་མིང་འབོད་བྱུང་ཡོད་པ་མ་གཏོགས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སྡེ་ཚན་ལྟ་བུར་གཏན་འབེབས་བྱུང་མེད། ཕྱི་ལོ་ ༡༩༩༠ ཙམ་ནས་སྔར་གྱི་ཚིག་མཛོད་ལས་གཞིའི་ཐོག བོད་ཡིག་སློབ་དེབ་རྩོམ་སྒྲིག་པ་བསྐོ་འཛུགས་དང༌། ཕ་ཡུལ་དུས་དེབ་གསར་འདོན་སོགས་རྩོམ་སྒྲིག་གི་ལས་དོན་རྣམ་གྲངས་མང་དུ་བཏང༌། ཕྱི་ལོ་ ༡༩༩༣ རྗེས་སུ་རིམ་གྱིས་རྩོམ་སྒྲིག་སྡེ་ཚན་ཞེས་སྡེ་ཚན་གྱི་ངོ་བོར་བསྒྱུར་བ་དང༌། ཕྱི་ལོ་ ༡༩༩༩ ལོར་གངས་སྐྱིད་ཉིན་སློབ་ཡང་སྟེང་དུ་ལས་ཁུངས་གསར་རྒྱག་གྲུབ་པ་དེར་སྤོ་བཤུག་དང་འབྲེལ་གནས་སྐབས་རིང་སློབ་དེབ་རྩོམ་སྒྲིག་གི་ལས་དོན་ཡང་ཞོར་ལྕོགས་གནང༌།
ཕྱི་ལོ་ ༢༠༠༣ ཟླ་ ༡༡ ནས་དེ་སྔའི་སློབ་དེབ་དང་འབྲེལ་བའི་ལས་དོན་ཡོངས་རྫོགས་གསར་དུ་བཙུགས་པའི་སྲོལ་རྒྱུན་ཚན་པར་བསྒྲིལ། ཕྱི་ལོ་ ༢༠༠༥ ལོར་བོད་ཡིག་ཐ་སྙད་གཏན་འབེབས་ཀྱི་ལས་གཞི་གསར་དུ་བཙུགས།

ཚན་པ་འདིའི་ལས་འགན་གཙོ་བོ་ནི།
• བཀའ་ཤག་གིས་ཐད་བསྐོས་གནང་བའི་ཆེས་མཐོའི་ཐ་སྙད་གཏན་འབེབས་ལྷན་ཚོགས་འོག་དེང་རབས་བོད་ཚིག་ཐ་སྙད་གསར་སྒྲིག་དང་གཏན་འབེབས་ཀྱི་ལས་དོན་འགན་ཁུར།
• གཞི་རིམ་གོང་མ་དང་བར་མའི་སློབ་ཕྲུག་ཚོའི་བོད་ཡིག་སློབ་སྦྱོང་ལ་གཞོགས་འདེགས་ཆེད་ཕ་ཡུལ་ཤེས་བྱའི་བང་མཛོད་ཅེས་པའི་ཟླ་རེའི་བརྙན་དེབ་འདོན་སྤེལ།
• གཞི་རིམ་འོག་མའི་སློབ་མར་གཞོགས་འདེགས་ཆེད་གངས་ལྗོངས་བྱིས་པའི་བརྙན་དེབ་རྩོམ་སྒྲིག་དང་དཔར་འགྲེམས་གནང་མུས་ཐོག གཞི་རིམ་གོང་འོག་བར་གསུམ་གྱི་སློབ་མ་ཚོའི་བོད་ཀྱི་སྐད་ཡིག་ཡར་རྒྱས་ལ་གཞོགས་འདེགས་ཆེད་ཕྱི་ལོ་ ༡༩༩༠ ནས་ད་བར་མུ་འབྲེལ་དང༌། ཚིག་མཛོད། སྦྱོང་དེབ། དཔྱད་དེབ། དཔེ་རིས་ཅན་གྱི་སྒྲུང་དེབ་སོགས་དཔེ་དེབ་རྒྱས་བསྡུས་མི་འདྲ་བ་རྣམ་གྲངས་ ༧༠ ཙམ་རྩོམ་སྒྲིག་དང་དཔར་འགྲེམས་བྱས་ཡོད་པ་དང༌། ད་

དུང་ལོ་རེར་འཆར་ཅན་རྩོམ་སྒྲིག་ལས་གཞིའི་ཐོག་ཉུང་མཐར་དེབ་གྲངས་བཞི་ལྔ་རེ་འདོན་སྤེལ་བྱེད་མུས་ཡིན།

༢༌༧ མདུན་ལམ་སློབ་སྟོན་ཚན་པ།
ཕྱི་ལོ་ ༡༩༩༨ ཡས་མས་ནས་གཞི་རིམ་གོང་མའི་སློབ་མ་སྤྱི་དང་ཁྱད་པར་གཞི་རིམ་སློབ་ཐོན་པ་རྣམས་ལ་སློབ་སྦྱོང་དང་ལས་རིགས་འདེམས་ཕྱོགས་དང་འབྲེལ་བའི་ཁྱད་ལས་སློབ་སྟོན་པ་དགོས་གལ་ཆེན་པོར་མཐོང་བར་བརྟེན། ཕྱི་ལོ་ ༢༠༠༣ ལོའི་ཟླ་བ་ ༡༡ ཚེས་ ༡ ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་དོན་ཚན་ ༡༧ ནང་གསེས་ ༥ པའི་ཁྱད་ལས་པ་བསྐོ་བཞག་གི་སྒྲིག་གཞིའི་དགོངས་དོན་ལྟར། ཤེས་རིག་ལས་ཁུངས་ནང་མདུན་ལམ་སློབ་སྟོན་པ་གཞུང་བསྐོས་ལས་བྱེད་བསྐོ་བཞག་གནང། ཕྱི་ལོ་ ༢༠༠༥ ཟླ་ ༡༠ ཚེས་ ༢༦ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་ཡན་ལག་ལས་ཁང་གསར་འཛུགས་ཀྱིས་ལྷོ་ཁུལ་བོད་མིའི་སློབ་ཁག་ལ་མདུན་ལམ་སློབ་སྟོན་ནུས་ཤུགས་ལྡན་པ་སྤེལ་ཐབས་དང༌། ཕྱི་ལོ་༢༠༠༧ ལོར་རྒྱ་གར་བྱང་ཤར་ཁུལ་གྱི་མདུན་ལམ་སློབ་སྟོན་ཆེད་རྡོ་རྗེ་གླིང་དུ་ཡན་ལག་ལས་ཁང་གསར་འཛུགས་བྱས། དེ་སྔ་མདུན་ལམ་སློབ་སྟོན་པ་དེང་རབས་ཤེས་ཡོན་ཚན་པའི་ཁོངས་ཡིན་ཀྱང༌། ཕྱི་ལོ་༢༠༡༠ ནས་ཟུར་འདོན་གྱིས་ཚན་པའི་ངོ་བོར་བསྒྱུར།

ཚན་པ་འདིའི་ལས་འགན་གཙོ་བོ་ནི།
• གཞི་རིམ་བར་མ་དང་གོང་མའི་སློབ་ཁག་ཡོངས་སུ་མདུན་ལམ་སློབ་སྟོན་དང་འབྲེལ་བའི་ལས་འགུལ་སྤེལ་རྒྱུ།
• རྒྱ་གར་ལྷོ་ཕྱོགས་དང༌། བྱང་ཤར་བཅས་ཀྱི་མདུན་ལམ་སློབ་སྟོན་ཡན་ལག་ཚན་པར་འབྲེལ་སྐྱོང༌། དུས་ཚོད་ངེས་མེད་དུ་ཡིག་ངག་ཅི་རིགས་ནས་རང་རིགས་སློབ་མ་རྣམས་ལ་སློབ་སྟོན་དང༌། མཇལ་མོལ། དྲི་བ་དྲིས་ལན།
• འཛིན་རིམ་བཅུ་གཉིས་སློབ་ཐོན་པ་རྣམས་ལ་རྒྱུས་སྟོན་དང། ས་གནས་ཁག་ཏུ་ཁྱིམ་ཚང་སློབ་གསོའི་ལས་རིམ།
• མདུན་ལམ་སློབ་སྟོན་པ་རྣམས་ཀྱི་ཤེས་ཡོན་གོང་མཐོར་གཏོང་ཆེད་ཟབ་སྦྱོང་གོ་སྒྲིག
• སློབ་གྲྭ་ཁག་ལ་གོ་རྟོགས་སྤེལ་ཆེད་དཔེ་དེབ་སྣ་མང་དང་མདུན་ལམ་དུས་དེབ་འགྲེམས་སྤེལ།
• མཐོ་སློབ་དང་སློབ་ཡོན། རིགས་གཅིག་རྐང་འཛིན་བཅས་ཀྱི་གནས་ཚུལ་དང་གྲངས་ཐོ་ཕྱོགས་བསྡོམས་ཞུ་རྒྱུ།

ག) རོགས་སྐྱོར་སྡེ་ཚན།
༢༌༨ མཐོ་རིམ་སློབ་ཡོན་ཚན་པ།
རྒྱ་གར་དང་བལ་ཡུལ་ནང་མཐོ་རིམ་སློབ་ཡོན།

ཤེས་རིག་ལས་ཁུངས་ཀྱིས་བཙན་བྱོལ་བོད་མིའི་གཞིས་སྒར་ཁག་ནང་ཡོད་པའི་གཏན་ཉིན་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ལ། དམིགས་བསལ་གཟིགས་རྟོག་གནངས་དང་གནང་མུས་ཡིན། ལོ་ལྟར་སློབ་གྲྭ་ཁག་ནས་གཞི་རིམ་སློབ་གྲྭ་ཐོན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས་ད་ལྟའི་ཆར་སློབ་ཕྲུག་གྲངས་ ༡༢༠༠ ལྷག་ཐོན་གྱི་ཡོད་པ་དང། དེ་ནས་སློབ་ཕྲུག་གང་མང་ཞིག་མཐོ་སློབ་ཁག་ཏུ་སློབ་བསྐྱོད་བྱེད་ཀྱི་ཡོད། དེར་བརྟེན། ཤེས་རིག་ལས་ཁུངས་ཀྱིས་སློབ་ཡོན་རོགས་རམ་ཐབས་འཚོལ་དང་ལག་བསྟར་མཇུག་སྐྱོང་ ཡོང་སླད་ཕྱི་ལོ་ ༡༩༧༩ ལོར་མཐོ་སློབ་རོགས་སྐྱོར་སྡེ་ཚན་འདི་བཞིན་ལོགས་སུ་ཆེད་འཛུགས་གནང༌། སྡེ་ཚན་འདིས་རྒྱ་བལ་འབྲུག་གསུམ་ནང་བོད་ཕྲུག་འཛིན་གྲྭ་བཅུ་གཉིས་ཐོན་མཁན་མཐོ་སློབ་བསྐྱོད་འདོད་ཡོད་པ་རྣམས་ལ་ཉེ་བའི་གཙུག་ལག་རབ་འབྱམས་དང༌། གཙུག་ལག་རབ་འབྱམས། དུས་ཐུང་ལས་རིགས་སློབ་སྦྱོང༌། དུས་ཐུང་ལག་འཁྱེར་གྱི་སློབ་སྦྱོང༌། རིགས་གཅིག་རྐང་འཛིན་ཉམས་ཞིབ་སློབ་སྦྱོང་བཅས་ཀྱི་སློབ་ཡོན་གནང་རྒྱུ་དང༌། མཐོ་རིམ་སློབ་ཡོན་གྱི་གནས་སྟངས་ཁག་རྒྱ་བལ་འབྲུག་གསུམ་གྱི་ས་གནས་འགོ་འཛིན་དང་གཏན་ཉིན་སློབ་གྲྭ་སོགས་ལ་འཚེམས་ལུས་མེད་པར་ཡོངས་ཁྱབ་གསལ་བསྒྲགས་ཞུ་བ་དང། མཐོ་རིམ་སློབ་ཡོན་ཆ་བགོས་གནང་ཕྱོགས་ཐད་སྒྲིག་གཞི་དང་ཚོགས་ཆུང་ཟུར་འཛུགས་བྱས་ཏེ། སློབ་ཡོན་ཆ་བགོས་བྱས་པ་རྣམས་སློབ་ཚན་སོ་སོར་སློབ་ཡོན་གྲངས་ཚད་དང་ཡིག་རྒྱུགས་ཀྱི་བརྒྱ་ཆ་རྩེ་བཏོག་གིས་སློབ་ཡོན་བགོ་འགྲེམས་ཞུ་བཞིན་ཡོད།
ཕྱི་རྒྱལ་མཐོ་རིམ་སློབ་ཡོན།

ཕྱི་རྒྱལ་མཐོ་སློབ་ཁག་ནས་སློབ་ཡོན་བསྩལ་སྨིན་བྱུང་བ་རྣམས་ཤེས་རིག་མཐོ་རིམ་སློབ་ཡོན་ཚོགས་ཆུང་ལ་སྙན་གསན་གྱིས། བཀའ་འཁྲོལ་ཞུས་ཐོབ་བྱུང་མཚམས་རྒྱ་བལ་འབྲུག་གསུམ་ཁུལ་བོད་མིའི་གནས་སྡོད་གཞིས་སྒར་ཁག་དང་གཏན་ཉིན་སློབ་གྲྭ་སོགས་ལ་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ཏེ། དུས་བཀག་ནང་ཚུན་འཚང་སྙན་དང་དགོས་མཁོའི་ཡིག་ཆ་ཁག་བསྡུ་རུབ་ཀྱིས་མཐའ་མའི་འདེམས་སྒྲུག་བོད་ཨིན་འབྲི་རྒྱུགས་དང་ངག་རྒྱུགས་བཅས་ཀྱི་ལམ་ནས་སྒྲིག་དོན་ལྟར་སློབ་གཉེར་བ་འདེམས་གཏོང་ཞུ་བ་དང། ད་ལྟའི་ཆར་ཨ་རི་དང༌། ཨིན་ཡུལ། ཕ་རན་སི། ཉི་ཧོང༌། ཨུ་རུ་སུ། འཇར་མན་ནི། ཨི་ཊ་ལི། ནོར་ཝེ། ཌན་མག ཐེ་ཝན། ཧང་གྷ་རི། སོག་པོ། པོ་ལེནཌ། ཨི་སི་རལ། ཐེ་ལནཌ། ཨོ་སི་ཊི་རི་ཡ། ནི་དྷར་ལནཌ། ཀོ་སི་ཊ་རི་ཁ་རྒྱལ་ཁབ་ཆེ་ཆུང་ཁག་བཅས་ལ་སློབ་བསྐྱོད་ཐུབ་པ་བྱུང་ཡོད།

༢༌༩ སློབ་ཡོན་དང་སློབ་འཇུག་ཚན་པ།
རྒྱ་བལ་འབྲུག་གསུམ་ས་གནས་ཁག་གི་ཉིན་སློབ་ནས་མཐའ་མའི་འཛིན་རིམ་ཐོན་མཁན་དང༌། ཧི་མ་ལ་ཡའི་ཁུལ་གྱི་སློབ་ཕྲུག་སློབ་འཇུག་ཞུ་མཁན་རྣམས་བོད་སློབ་འཛིན་ཚོགས་དང་སམ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་གཏན་སློབ་ཁག་ནང་སློབ་འཇུག་ཞུ་རྒྱུ་དང༌། རོགས་རམ་ཐབས་འཚོལ་ཐབས།
གཏན་སློབ་ནང་ཡོད་པའི་ཕྲུ་གུ་རྣམས་ལ་ཟས་གོས་གནས་མལ་གླ་དོད་དུས་ཐོག་ནར་གཏོང།
ཉམ་ཐག་ཕྲུ་གུ་རྣམས་ལ་ས་གནས་འགོ་འཛིན་བརྒྱུད་སློབ་དོད་གཏོང་རྒྱུ།
སམ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་གཏན་འཇགས་དགེ་ལས་རྣམ་པའི་ཕྲུ་གུ་དང༌། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་པའི་ཕྲུ་གུ་དང་དྭང་ཟུར་ཉམ་ཐག་རྣམས་ཀྱི་ཕྲུ་གུ་བཅས་ལ་སློབ་དོད་གཏོང་རྒྱུ།
རོགས་རམ་ཁོངས་སུ་ཡོད་པའི་སློབ་ཕྲུག་རྣམས་ཀྱི་སྦྱིན་བདག་དང་རོགས་ཚོགས་ཁག་ལ་ཡིག་འབྲེལ་ཞུ་བ་དང། གཏན་ཉིན་སློབ་གྲྭ་ཁག་དང་ས་གནས་འགོ་འཛིན་རྣམ་པར་སློབ་འཇུག་གསལ་བསྒྲགས་དང་འབྲེལ་ཡིག་འབྲེལ་ཞུ་དགོས་ཁག
ཀྲུ་ཀྲིང་ཕྲུ་གུ་དང་ཉམ་ཐག་ཕྲུ་གུ་གཏན་སློབ་ཁག་ནང་ཡོད་པ་རྣམས་ལ་ལམ་གྲོན་དང་ལག་དངུལ་བགོ་འགྲེམས།
ས་གནས་འགོ་འཛིན་ཁག་ནས་དྭ་ཕྲུག་དང༌། ཕྱེད་དྭ་ཕྲུག ཉམ་ཐག་དཀའ་ངལ་ཅན་གྱི་ཕྲུ་གུར་སློབ་འཇུག་སྐོར་འབྲེལ་ཡོད་ས་གནས་ནས་རྒྱབ་གཉེར་འབྱོར་རིགས་བོད་ཁྱིམ་གཉིས་ལ་རྒྱབ་གཉེར་ཞུ་རྒྱུ།

༢༌༡༠ བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས།
བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་འབྲུ་དོན་བཞིན། ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༦ ཉིན་བཀའ་ཤག་གིས་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱི་སྒྲོམ་གཞི་དང་འཛིན་སྐྱོང་སྒྲིག་གཞི་གཏན་འབེབས་དང་འབྲེལ། ལྷན་ཚོགས་ཀྱི་ཚོགས་མི་གསར་བསྐོ་དང་ལས་ཁུངས་དང་ལས་གཞི་གྲ་སྒྲིག་འགོ་འཛུགས་གནང་། ༢༠༡༡ ཟླ་ ༧ པ་ནས་བཟུང༌གནས་སྐབས་རིང་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སྡེ་ཚན་ཞིག་གི་ངོ་བོར་གསར་འཛུགས་གནང་ཞིང༌། ཕྱིས་སུ་ཆ་རྐྱེན་འཛོམས་རིམ་བཞིན་ཤེས་རིག་ལས་ཁུངས་ཀྱི་འཛིན་སྐྱོང་དབང་བྱུས་འོག་ཡོད་པའི་རང་སྐྱོང་སྡེ་ཚན་གྱི་ངོ་བོར་ཟུར་དབྱེ་གནང་འཆར་ཡིན།

ཤེས་ཡོན་ལྷན་ཚོགས་ཀྱི་ལས་འགན་གཙོ་བོ་གཤམ་གསལ།

  • བཙན་བྱོལ་བོད་མིའི་ཤེས་ཡོན་སྤྱི་དང་ཁྱད་པར་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལག་བསྟར་དང༌། ཡར་རྒྱས་ཚགས་ཚུད་ཡོང་ཐབས་སླད་བཀའ་ཤག་དང་ཤེས་རིག་ལས་ཁུངས་སུ་བློ་འདོན་འཆར་འབུལ།
  • བཀའ་ཤག་དང་ཤེས་རིག་ལས་ཁུངས་ཀྱི་གཞི་རྩའི་སྲིད་བྱུས་ལམ་སྟོན་བཞིན་བཙན་བྱོལ་ནང་བོད་མིའི་རིག་གཞུང་རྒྱུན་འཛིན་དང༌། ཤེས་རིག་དར་སྤེལ། སློབ་སྦྱོང་དང་སློབ་ཁྲིད་ཀྱི་སྤུས་ཚད་ཡར་རྒྱས། བསླབ་གཞི་གཏན་འབེབས། སློབ་དེབ་རྩོམ་སྒྱུར། གཞོགས་འདེགས་རྒྱུ་ཆ་མཁོ་འདོན། དགེ་རྒན་གསོ་སྐྱོང༌། ལས་དོན་རྟོག་ཞིབ། རྒྱུགས་ཞིབ་ཐབས་ལམ་གསར་གཏོད་བཅས་ཡོང་ཐབས་སྐོར་གྱི་སྤྱི་ཁྱབ་འགན་ཁུར།
  • གཞི་རིམ་གོང་འོག་བར་གསུམ་གྱི་སློབ་དེབ་རྩོམ་སྒྲིག་དང༌། བསྐྱར་ཞིབ། བོད་སྒྱུར། བསླབ་གཞིའི་རྩ་འཛིན་བཟོ་འགོད། ཤེས་ཡོན་སློབ་སྤེལ་དང་འབྲེལ་བའི་གཞོགས་འདེགས་རྒྱུ་ཆ་རྩོམ་སྒྲིག་དང་མཁོ་འདོན་བཅས་ཀྱི་ལས་དོན།
  • བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭའི་ཤེས་ཡོན་དང་འབྲེལ་བའི་ལས་དོན་ཐོག་སློབ་སྟོན་ཚོགས་ཆུང་དང་ལས་དོན་ཚོགས་ཆུང་གང་དགོས་སྐབས་འཕྲལ་ཟུར་འཛུགས་ཀྱིས་ལས་གཞི་ཞིབ་འཇུག་དང༌། གསར་གཏོད། བསྐྱར་ཞིབ། བཏང་འཛིན་བཅས་བྱ་རྒྱུ།
  • བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་ལ་གཞུང་འབྲེལ་ངོས་འཛིན་དང༌། ལག་འཁྱེར་ཚད་འཛིན། ཤེས་ཡོན་རྟོག་ཞིབ། སྲིད་བྱུས་ལག་བསྟར་བཅས་དང་འབྲེལ་བའི་ལས་དོན་བཀོད་སྒྲིག་དང་བཏང་འཛིན་བྱ་རྒྱུ།
  • བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་ཡར་རྒྱས་དང་ཚགས་ཚུད་ཡོང་ཐབས་སླད་ཕྱི་ནང་ཤེས་ཡོན་ཚོགས་སྡེ་ཁག་ལ་འབྲེལ་སྐྱོང་དང༌། ཁྱད་པར་རིགས་གཅིག་རྐང་འཛིན་ཚད་ལྡན་ཡོང་ཐབས་དང་འབྲེལ་བའི་ལས་དོན་སོགས།
  • རིགས་གཅིག་རྐང་འཛིན་ཉམས་ཞིབ་སློབ་གཉེར་ལས་རིམ་གྱི་འདེགས་རྒྱུགས་དང་རྟོག་ཞིབ། མཇུག་གནོན་ལས་དོན།