ནང་སྲིད་ལས་ཁུངས།

ནང་སྲིད་ལས་ཁུངས།

༄༅། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་འབྱོར་མ་ཐག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་ལྟར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ནས་ཛ་དྲག་ཐོག་རང་རིགས་རྣམས་གཞིས་འཁོད་ཐུབ་ཐབས་ཀྱི་ལས་དོན་ཞུ་སྒོ་འགོ་འཛུགས་ཞུས་ཤིང་། ནང་སྲིད་ལས་ཁུངས་ཀྱི་དམིགས་ཡུལ་དང་ལས་འགན་གཙོ་བོ་བོད་མིའི་རང་དབང་སླར་གསོའི་བདེན་པའི་འཐབ་རྩོད་ཐོག་རང་རེའི་མཐུན་མོང་མ་ཡིན་པའི་ཆོས་དང་རིགས་གཞུང་གོམས་གཤིས་བཟང་པོ་རྣམས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་འཛིན་སྐྱོང་སྤེལ་གསུམ་གྱི་རྨང་གཞི་གཙོ་བོ་རྒྱ་བལ་འབྲུག་གསུམ་གྱི་ནང་བོད་མི་རྣམས་བཙན་བྱོལ་དུ་གནས་སྡོད་རིང་གཞིས་འཁོད་ཐུབ་ཐབས་དང་། གཞིས་ཆགས་ཟིན་པ་རྣམས་ཀྱི་འཚོ་རྟེན་ཕུགས་འཕེར་བསྲ་བརྟན་ཡོང་སླད་སོ་ནམ་ལས་གཞི་གཙོ་གྱུར་ཐོག་ལག་ཤེས་དང་། འཕྲུལ་རིགས། ཚོང་ལས་སོགས་ལས་རིགས་འདྲ་མིན་གྱི་གོ་སྐབས་འཛུགས་བསྐྲུན་གསར་རྩོམ་ཞུ་རྒྱུ། དེ་བཞིན་མང་ཚོགས་ཁྲོད་ཉམ་ཐག་དང་རྒས་གཅོང་མགོན་མེད་ངལ་ཅན་རིགས་ལ་བལྟ་སྐྱོང་ཞུ་རྒྱུ་བཅས་ཡིན་པ་དང་། ཉེ་བའི་ལོ་ཤས་ནང་གི་གནས་སྟངས་ཆ་ནས་ལས་ཁུངས་ཀྱི་ལས་དོན་གཙོ་གལ་ཆེ་བ་ཞིག་ད་ཡོད་གཞིས་ཆགས་རྣམས་བརྟན་གནས་ཡོང་ཐབས་དང་། དེའི་ཆེད་གཞིས་ཆགས་སོ་སོའི་ནང་སོ་ནམ་གྱིས་གཙོས་འཚོ་རྟེན་ཡར་རྒྱས་གཏོང་ཐབས་བྱ་རྒྱུ་དེ་ཆགས་ཡོད། ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་ནང་སོ་ནམ་གཙོ་གྱུར་གྱི་གཞིས་ཁག ༢༤ དང་བཟོ་ལས་ལ་རྟེན་པའི་གཞིས་ཁག ༡༤ གཞན་བོད་མིའི་སྡོད་སྒར་གྲངས་ ༡༨ རྒས་གསོ་ཁང་ ༡༥ བཅས་ཡོད་པ་དང་། མི་འབོར་བསྡོམས་ ༡༢༥༦༤༢ ཡོད་པ་འདི་དག་གི་གང་ཅིའི་གནས་སྟངས་ལ་གཟིགས་སྐྱོང་འགན་འཁུར་ཞུ་མུས་ཡིན། ཕྱི་ལོ་ ༢༠༠༤ ཟླ་ ༡༢ ཚེས་ ༢ ཉིན་རང་གཞུང་བཀའ་ཤག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་ཁྱབ་ཁོངས་དང་བཅས་པའི་སྒྲིག་འཛུགས་བསྐྱར་བཅོས་དང་ལས་བྱེད་ས་མིག་གཏན་འབེབས་གནང་བ་ལྟར་ནང་སྲིད་བཀའ་བློན་གྱིས་དབུ་འཁྲིད་འོག་དྲུང་ཆེས་འགན་འཁུར་ཐོག་ནང་གསེས་ལས་བགོས་སྡེ་ཚན་གསུམ་དང་དང་ཚན་པ་དགུ་དེ་དག་གི་ནང་ལས་བྱེད་ས་མིག་གྲངས་ ༥༡ གཏན་འབེབས་ཡོད་པ་བཅས་ཡིན།

༅༅། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་ལམ་སྟོན་འོག

  • བཙན་བྱོལ་བོད་མིའི་བདེ་དོན་དང་། འཚོ་བའི་རྟེན་གཞི་ཡར་རྒྱས་ཀྱི་སྒོ་ནས་གཞིས་ཆགས་ཁག་འཚོ་གནས་ཐུབ་ཐབས་བྱ་རྒྱུ།
  • རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བཙན་བྱོལ་བོད་མི་འདུས་སྡོད་གཞིས་ཆགས་གྲངས་ ༥༨ ལ་སྤྱི་སྙོམས་གཟིགས་རྟོགས་བྱེད་བཞིན་པ།

ནང་སྲིད་ལས་ཁུངས་ཀྱི་ལས་དོན་གཙོ་བོ་ནི་གཞིས་ཆགས་ཁག་འཚོ་གནས་ཐུབ་པ་བཟོ་རྒྱུ་དེ་ཡིན།

ལས་དོན་དམིགས་ཚད་དང་བསྒྲུབ་བྱ།

  • རྒྱུན་གནས་ཐུབ་པའི་སོ་ནམ་འདེབས་ལས།
  • མཉམ་འབྲེལ་སྒྲིག་འཛུགས་བསྲ་བརྟན་དང་ཡར་རྒྱས།
  • ས་གནས་རང་སྐྱོང་གི་ནུས་པ་གོང་མཐོར་གཏོང་རྒྱུ།
  • བོད་མི་ན་གཞོན་རྣམས་ལ་ལས་ཀའི་གོ་སྐབས་བསྐྲུན་རྒྱུ།
  • གཞིས་ཆགས་ནང་སྤྱི་ཚོགས་དང་དཔལ་འབྱོར་འཛུགས་སྐྲུན་གོང་འཕེལ་གཏོང་རྒྱུ།
  • ཉམ་ཐག་རྒས་གཅོང་རོགས་སྐྱོར།

ནང་སྲིད་ལས་ཁུངས་ཀྱི་སྡེ་ཚན་སོ་སོའི་ངོ་བོ་དང་དམིགས་ཡུལ།
ཀ༽ སོ་ནམ་སྡེ་ཚན།
༡སོ་ནམ་ལམ་སྟོན་ཚན་པ།
བཙན་བྱོལ་ནང་བོད་མི་རྒྱ་ཆ་ ༦༠ ལས་ལྷག་ཙམ་ཁྱབ་ཁོངས་སོ་ནམ་ཞིང་ལས་གཙོ་གྱུར་གཞིས་ཁག་དུ་གནས་ཡོད་པ་དང་དེ་ལྟར་རྒྱུན་གནས་ཐུབ་པའི་སོ་ནམ་འདེབས་ལས་ཀྱི་ཐོན་འབབ་ཡར་རྒྱས་ཆེད་དགོས་མཁོའི་བཀོད་བྱུས་ལམ་སྟོན་གནང་རྒྱུའི་ཐོག་ཕྱི་ནང་གཞུང་བྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་རོགས་རམ་ཐབས་འཚོལ་ཞུ་རྒྱུའི་འགན་འཁུར་རྐང་ལེན་ཞུ་མུས་ཡིན། གཙོ་ཆེར་གཤམ་གསལ་ལས་གཞི་ཁག་བརྒྱུད་རོགས་ཕན་མཐུན་རྒྱུར་གནང་བཞིན་ཡོད།
༡་ ཟབ་སྦྱོང་དང་སྦྱོང་བརྡར།
༢་ འཛུགས་བསྐྲུན།
༣་ སྐྱེ་ལྡན་དང་རང་བཞིན་སོ་ནམ།
༤་ སྒོ་ཕྱུགས་གསོ་སྐྱོང་།
༥་ ས་ཆུ་བདག་གཅེས།
༦་ སྐྱེ་ལྡན་སོ་ནམ་གྲོང་སྡེ་དང་ཚོ་ཁག་བསྐྲུན་རྒྱུ།
༧་ འབྲས་ལྡན་དང་འབྲས་མེད་ཤིང་སྣ་འདེབས་འཛུགས།
༢། ན་གཞོན་རོགས་སྐྱོར་ཚན་པ།
བོད་མི་ན་གཞོན་ལས་མེད་རྣམས་ལ་ལས་ཀའི་གོ་སྐབས་བསྐྲུན་རྒྱུ།

  • དུས་ཐུང་ལས་རིགས་སྦྱོང་བརྡར་སྤྲོད་རྒྱུ
  • སྐྱེད་ཆུང་བུ་ལོན་དང་སྒེར་གཉེར་ཚོང་ལས་གོང་སྤེལ།
  • སྦྱོང་བརྡར་བ་རྣམས་ལ་སེམས་སྐུལ་སྤེལ་ཐབས་ཀྱི་གཟབ་སྦྱོང་།
  • ལས་འཚོལ་རོགས་སྐྱོར།

 

 

༣། མཉམ་འབྲེལ་རོགས་སྐྱོར་ཚན་པ།
བོད་མི་སྐྱབས་བཅོལ་སྤྱི་ཡོངས་ཀྱི་མཉམ་འབྲེལ་སྒྲིག་འཛུགས་བསྲ་བརྟན་དང་ཡར་རྒྱས།
༡་ ཟབ་སྦྱོང་དང་སྦྱོང་བརྡར།
༢་ མཉམ་འབྲེལ་འཛིན་སྐྱོང་ལེགས་བཅོས།

 

ཁ༽ འཛིན་སྐྱོང་སྡེ་ཚན།
༡། འཛིན་སྐྱོང་དང་གཞིས་ཆགས་འབྲེལ་མཐུད་ཚན་པ།
འཛིན་གཞིས་སྡེ་ཚན་གྱི་ལས་འགན་ཞུ་བྱ་གཙོ་བོ་ནི་མང་ཚོགས་ཀྱི་བདེ་རྩའི་ཆེད་ལས་དོན་ཞུ་སྒོ་གང་ཅིར་ལས་ཁུངས་དབུས་དང་ས་གནས་ཁག་ལ་སྟངས་འཛིན་དང་། ཁྱབ་ཁོངས་ས་གནས་ཁག་རང་སྐྱོང་གི་ནུས་པ་གོང་མཐོར་གཏོང་རྒྱུ་བཅས་འགན་འཁུར་རྐང་ལེན་ཞུ་རྒྱུ་ཡིན།
༡་ ས་གནས་འཐུས་མིའི་ཚོགས་འདུ།
༢་ ས་གནས་འགོ་འཛིན།
༢། རྩིས་ཁང་དང་ནང་ཞིབ་ཚན་པ།
༡་ རྩིས་སྙན་ལན་འདེབས་ཕྱོགས་སྒྲིགས་དང་སྙན་འབུལ།
༢་ ཁྱབ་ཁོངས་སྡེ་ཚན་ཁག་ལ་རྩིས་འབྲེལ་ལམ་སྟོན་དང་ཞིབ་འཇུག
༣། འཆར་འགོད་དང་འཛུགས་སྐྲུན་ཚན་པ།
རྒྱ་བལ་འབྲུག་གསུམ་ནང་གནས་འཁོད་བོད་མི་གཞིས་ཆགས་ནང་སྤྱི་ཚོགས་དང་དཔལ་འབྱོར་ གྱི་འཛུགས་སྐྲུན་གོང་འཕེལ་གཏོང་ཐད་ཕྱི་ནང་རོགས་ཚོགས་ཁག་ནས་རོགས་རམ་ཐབས་འཚོལ་དང་འབྲེལ་ལས་གཞི་ལག་སྟར་ཞིབ་འཇུག་གནང་རྒྱུའི་འགན་འཁུར་ཞུ་མུས་ཡིན།
ཤམ་གསལ་ལས་གཞི་གཙོ་གྱུར་ཐོག་རོགས་ཕན་བྱེད་མུས་ཡིན།
༡་། གཞིས་ཆགས་གསར་བསྐྲུན་དང་གཞན་འཛུགས་བསྐྲུན།
གཞིས་ཁང་གསར་རྒྱག
གཞིས་ཁང་ཉམས་གསོ།
༢།་ བསྐྱར་གསོ་རུང་བའི་རང་འབྱུང་ནུས་ཤུགས།
ཉི་འོད་གློག་ཤུགས།
རླུང་ཁམས་གློག་ཤུགས།
སྐྱེ་ལྡན་རླངས་རྫས།
༣་ མཐུན་རྐྱེན་འཛུགས་བསྐྲུན།
གཞུང་ལམ་དང་ཟམ་པ་བཟོ་སྐྲུན་དང་ཉམས་གསོ།
གད་སྙིགས་གཙང་བཟོའི་ལས་གཞི།
༤། ས་ཁང་བདག་གཉེར་ཚན་པ།
གངས་སྐྱིད་ཁུལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་དང་ལས་ཤག་ཨར་ལས་གསར་བསྐྲུན་རིགས་ཀྱི་འགན་འཁུར་དང་ལས་ཤག་བགོ་འགྲེམས་བྱ་རྒྱུ།
སྲིད་ཞུ་ལས་བྱེད་བགྲེས་ཡོལ་བ་རྣམས་ཀྱི་བགྲེས་ཤག་བགོ་འགྲེམས་དང་གཞིས་ཁང་ཉམས་གསོ། ཁང་དོད་ཆ་རྐྱེན་སྒྲིག་གསལ་ལྟར་ལག་བསྟར་བྱ་རྒྱུ།
གངས་སྐྱིད་ཁུལ་ལས་ཁུངས་དང་། ལས་ཤག་ནང་གི་རྩག་རྩིག་བཟོ་བཅོས་རིགས་འགན་འཁུར་ཞུ་རྒྱུ།
ལས་ཁུངས་དང་ལས་ཤག་གི་གློག་རིན་ཡོངས་རྫོགས་བསྡུ་རུབ་ཀྱིས་ས་གནས་གློག་ཁང་ལས་ཁུངས་སུ་དུས་ཐོག་འབུལ་རྒྱུ་བཅས།
ག ༽ བདེ་དོན་སྡེ་ཚན།
༡ ཉམ་ཐག་རྒས་གཅོང་རོགས་སྐྱོར་ཚན་པ

སྡེ་ཚན་འདིའི་ལས་འགན་གཙོ་བོ་རྒྱ་བལ་འབྲུག་གསུམ་ནང་གནས་སྡོད་རང་རིགས་རྒས་གཅོང་ཉམ་ཐག་དངོས་འབྲེལ་རྣམས་ལ་འཚོ་སྣོན་ནམ་རྒས་གསོར་འཇུག་བཞེས་བྱ་རྒྱུ

  • རྒས་གསོ་ཁང་གསར་རྒྱག་གཙོས་ཁྱབ་ཁོངས་རྒས་གསོ་ཁང་བཅོ་ལྔའི་འཛིན་སྐྱོང་སྟངས་འཛིན་བྱ་རྒྱུ།
  • རྒས་གཅོང་ཉམ་ཐག་དང་དྭང་ཟུར་ཉམ་ཐག་རྣམས་ལ་འཚོ་སྣོན།
  • རྒས་གཅོང་ཉམ་ཐག་སྨན་བཅོས་རོགས་སྐྱོར་བཅས


༢ ནང་ཤེས་འཕྲོད་གསུམ་གྱི་ཉམ་ཐག་ཞིབ་འཇུག་ཚན་པ།

༢༠༡༡ ཟླ་ ༥ ཚེས་ ༡༠ ནས་བཟུང་ནང་ཤེས་འཕྲོད་གསུམ་གྱི་ཚོགས་མི་རེ་དང་། ཚོགས་ཆུང་གི་ཚོགས་དྲུང་བཅས་དབུས་ནས་རྒྱ་བལ་འབྲུག་གསུམ་གྱི་ས་གནས་ཁག་ཡོངས་རྫོགས་ལ་ཉམ་ཐག་བསྐྱར་ཞིབ་ལས་གཞི་འགྲོ་མུས་ལྟར། རྡ་ས་ཕུད་བྱང་ཕྱོགས་ཧི་མ་ཅལ་ཁུལ་ཆ་ཚང་དང་། སྡེ་ར་སྡུན་ཁུལ་གྱི་ཁ་འཐོར་དང་གཞིས་སྒར་ཁག ལྡི་ལི་དང་ལྷོ་ཕྱོགས་གཞིས་ཆགས། དབུས་ཕྱོགས་གཞིས་ཆགས། བྱང་ཤར་གཞིས་ཆགས་དང་ཁ་འཐོར་ས་ཁུལ་ཀ་རྡོར་སྒང་གསུམ་བཅས་ཀྱི་ནང་ཉམ་ཐག་ཞིབ་འཇུག་དང། དུས་ནས་དུས་སུ་བསྐྱར་ཞིབ་ཞུ་རྒྱུ་བཅས། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡ ལ།