དཔལ་འབྱོར་ལས་ཁུངས།

༄༅། དཔལ་འབྱོར་ལས་ཁུངས་ཀྱི་ངོ་སྤྲོད།

༄༅། །ཕྱི་ལོ་ ༡༩༦༠ ལོར་དབུས་བོད་མིའི་སྒྲིག་འཛུགས་བཙན་བྱོལ་དུ་དངོས་སུ་གསར་འཛུགས་གནང་རྒྱུའི་དམིགས་ཡུལ་གཙོ་བོ་རང་འཆས་སུ་མངའ་བས་བོད་ཀྱི་མཐོུང་མ་ཡིན་པའི་རྩ་ཆེའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གྱིས་བོད་དོན་བདེན་མཐའ་སེལ་ཐབས་དང༌། གཞིས་བྱེས་བོད་མིའི་མངོན་འདོད་བསྒྲུབ་ཕྱིར་བཙན་བྱོལ་སྒྲིག་འཛུགས་ནང་བློན་ཆེན་ལས་ཁུངས་བདུན་ཡོད་ཁོངས་དཔལ་འབྱོར་ལས་ཁུངས་གཅིག་ཡིན། དཔལ་འབྱོར་ལས་ཁུངས་ཀྱི་དམིགས་ཡུལ་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲལ་ཕུགས་ཕན་བདེའི་སྒྲུབ་པོ་འཕྲིན་ལས་རྒྱས་པའི་མཐུན་རྐྱེན་གཞུང་དངུལ་དཔལ་འབྱོར་འདུ་འགོད་ཐབས་ལེན་ཞུ་རྒྱུ་དང༌། དེ་དག་ཁྲིམས་ལུགས་བཞིན་དབུས་བོད་མིའི་སྒྲིག་འཛུགས་མ་ལག་དང་བཅས་པའི་ལོ་འཁོར་སྔོན་རྩིས་དང་བསྐྱར་བཅོས་སྔོན་རྩིས་འཆར་འབུལ་དཔལ་ལྡན་བཀའ་ཤག་ནས་རྒྱབ་གཉེར་གྱིས་གྲོས་ཚོགས་ནས་བཀའ་འཁྲོལ་ཞུ་རྒྱུས་མཚོན་ལོ་རེའི་བཀའ་འཁྲོལ་ཐོབ་པས་སྔོན་རྩིས་ཁྲིམས་ལུགས་ལྟར་གྱི་གཏོང་ལེན་སྟངས་བཅུན་སླད་ལས་ཁུངས་ཟུར་འཛུགས་གནང་།

ཕྱི་ལོ་ ༡༩༦༦ བར་དཔལ་འབྱོར་དང་འབྲེལ་བའི་ཕྱག་ལས་ཁག་བདེ་སྲུང་བཀའ་བློན་དགའ་བྲང་བློ་བཟང་རིག་འཛིན་མཆོག་ནས་གཅིག་ལྕོགས་ཐུགས་འགན་བཞེས་རྗེས་སྐབས་དེའི་ཆོས་དོན་བཀའ་བློན་འོད་ཟེར་རྒྱལ་མཚན་མཆོག་དང་ནང་སྲིད་བཀའ་བློན་ཕྱག་རོགས་རྒྱས་སྟོང་ཚེ་རིང་མཆོག་གི་གཙོས་ཚོགས་མི་ལྔ་ཅན་གྱི་དཔལ་འབྱོར་འདུ་འགོད་ལྷན་ཚོགས་ཟུར་འཛུགས་གནང་། ཕྱི་ལོ་ ༡༩༦༩ ཕྱི་ཟླ་ ༥ ཚེས་ ༢༩ ཉིན་བློན་ཆེན་ལས་ཁུངས་ཁོངས་དངོས་སུ་དབུ་འཛུགས་ཀྱིས་དཔལ་འབྱོར་བཀའ་བློན་ཐོག་མ་བྱེ་གཤོངས་ཚེ་དབང་རྟ་མགྲིན་མཆོག་དང་དྲུང་ཆེ་ལྷུན་གྲུབ་རྒྱལ་པོ་རྣམ་གཉིས་གཙོས་ལས་བྱེད་གསུམ་ནས་དབུ་བཙུགས། ད་ཆ་ད་ཡོད་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་དང་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་རྣམ་གཉིས་ཀྱི་དབུས་པས་སྡེ་ཚན་གསུམ་ནང་ལས་བྱེད་གྲངས་ ༣༠ ནས་ལས་འཁུར་ཞུ་བཞིན་པ་ཡིན།
དཔལ་འབྱོར་ལས་ཁུངས་ཀྱི་ཐོག་མའི་མ་རྩ་སྒོར་ ༧༢༩༨༣་༧༩ དང༌། ྋགོང་ས་མཆོག་ནས་སྒོར་ ༢༥༠༠༠༠་༠༠ གསོལ་སྩལ་བཀྲིན་ཆེ་བ་ནས་འགོ་འཛུགས་ཀྱིས་སྐབས་དེའི་ལས་བྱེད་རྣམས་ཀྱི་རང་ནུས་འབད་འབུངས་དང་ལྷག་པར་རང་རིགས་རྒྱལ་ཞེན་ཚོང་ལས་པ་ཁག་གཅིག་ནས་དྺང་བླངས་ཀྱིས་གྱོན་གོས་ཚོང་གཉེར་སོགས་ནས་དཔལ་འབྱོར་འདུ་འགོད་མ་དངུལ་རིམ་འཕར་སྡེ་ཚན་ཡར་རྒྱས་ཕྱིན་ཐོག ༡༩༧༨ ལོ་ནས་ྋགོང་ས་མཆོག་གི་ཡིད་ཆེས་དགེ་རྩའི་ཚོགས་པ་དཔལ་འབྱོར་ལས་ཁུངས་ཁོངས་སུ་འཛིན་སྐྱོང་གནས་སྤོ་དང༌། ལས་གཞི་ཁག་གཅིག་གི་ཆེད་བོད་མིའི་འཛིན་སྐྱོང་བདེ་དོན་ཚོགས་པ་གསར་བཙུགས་གནང་སྟེ་དཔལ་འབྱོར་གྱི་བྱ་བཞག་རིམ་འཕེལ་བྱུང་། ཕྱི་ལོ་ ༢༠༠༡ ལོར་དཔལ་ལྡན་བཀའ་ཤག་ནས་གཞི་རིམ་དཔལ་འབྱོར་སྲིད་བྱུས་གཏན་འབེབས་གནང་སྟེ་གཞུང་གཉེར་ཚོང་འཁོད་རྣམས་རིམ་བཞིན་སྒེར་བདག་ཅན་དུ་བསྒྱུར། དཔལ་འབྱོར་ལས་ཁུངས་ནས་ལོ་བསྟར་སྔོན་རྩིས་དགོས་དངུལ་མི་ཉུང་བ་འབུལ་མུས་ཡིན།
དཔལ་འབྱོར་ལས་ཁུངས་ཀྱིས་སྡེ་ཚན་ཁག་གི་ངོ་སྤྲོད་སྙིང་བསྡུས་འགོད་འབུལ་ཞུ་རྒྱུར།

༡། དེབ་བསྐྱེལ་དང་རོགས་དངུལ་སྡེ་ཚན།
ཀ ཡིད་ཆེས་དགེ་རྩ་དང་ལག་དེབ་སྔོན་པོའི་ལས་གཞི།

ཀ་༡། ཡིད་ཆེས་དགེ་རྩ།
ྋགོང་ས་མཆོག་གི་ཡིད་ཆེས་དགེ་རྩའི་ཚོགས་པ་འདི་བཞིན་ཕྱི་ལོ་ ༡༩༦༤ ཕྱི་ཟླ་ ༡ ཚེས་ ༢༠ ཉིན་ནུབ་སྦན་གྷོལ་མངའ་སྡེའི་རྒྱལ་ས་ཀོལ་ཀ་ཏར་དངོས་སུ་ཁྲིམས་མཐུན་དེབ་བསྐྱེལ་མཛད་དེ་རྒྱ་གར་ནང་བོད་མྀིའི་ཁྲིམས་མཐུན་གྱི་དེབ་བསྐྱེལ་ཚོགས་པ་ཐོག་མ་དེ་ཡིན། ཚོགས་པ་འདིའི་འབྱུང་རིམ་སྒང་ཏོག་བརྒྱུད་ནས་བླངས་པའི་གསེར་དངུལ་བཙོང་རིན་འཛིན་སྐྱོང་བྱ་ཕྱོགས་བཀའ་འབྲེལ་ཁྲིམས་མཐུན་དེབ་བསྐྱེལ་དགོས་པ་སྤྱི་ཕེབས་བཞིན་མ་དངུལ་སྒོར་ ༢༤༨༡༦༢༦་༠༠ དབུ་འཛུགས་ཀྱིས་ཚོགས་པའི་ཚོགས་གཙོ་ཐོག་མ་རྒྱ་གར་གྱི་དབུ་འཁྲིད་གྲགས་ཅན་འཇའ་ཡ་པྲ་ཀཤ་ན་ར་ཡན་མཆོག་ནས་མཚན་བཞེས་གནང་པ་དང་ཚོགས་པའི་དམིགས་ཡུལ་ཁག་ནིཿ
༡། ཤེས་ཡོན་དང་སྦྱོང་བརྡར་ཡར་རྒྱས་ཆེད་མཐུན་བསྒྱུར་སྦྱོར་སྤྲོད།
༢། ཉམ་ཐག་འཁོད་ཞན་རྣམས་ལ་སྨན་བཅོས་དང་ངལ་སྐྱོབས།
༣། ཆོས་ཀྱི་སློབ་ཁྲིད་མཐུན་བསྒྱུར་ཞུ་རྒྱུ།
༤། ཤེས་ཡོན་འཕེལ་རྒྱས་ཆེད་བསྟི་གནས་གསར་འཛུགས་མཚོན་འཛིན་སྐྱོང་དང་དགེ་ལས་སློབ་ཕྲུག་ བཞུགས་ཤག་མཐུན་སྦྱོར།
༥། མང་ཚོགས་ཀྱི་འཕྲོད་བསྟེན་ཡར་རྒྱས་ལ་སྨན་པས་སྨན་ཁང་གསར་རྒྱག་དང་འཛིན་སྐྱོང་མཐུན་རྐྱེན་ སྦྱོར་སྤྲོད་ཞུ་རྒྱུ།

ད་ལྟའི་ཡིད་ཆེས་དགེ་རྩའི་འགན་འཛིན་ལྷན་ཚོགས་ཀྱི་མཚན་གཞུང༌།

༡། སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག ཚོགས་གཙོ།
༢། དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག ཚོགས་གཞོན།
༣། བཀའ་ཟུར་རྗེ་བཙུན་པད་མ་མཆོག ཚོགས་མི།
༤། མཁས་དབང་ཀརིཤི་ན་ནཐ་མཆོག ཚོགས་མི།
༥། སྐུ་ཞབས་ཨེ་པི་ཝེན་ཀ་ཀྲེ་ཤཝརན་མཆོག ཚོགས་མི།
༦། དགའ་ལྡན་ཕོ་བྲང་དྲུང་ཆེ་བྲེ་སྲང་ཚེ་རིང་མཆོག ཚོགས་མི།

ཀ་༢། ལག་དེབ་སྔོན་པོའི་ལས་གཞི།
རང་རེའི་རྩ་དོན་བསྒྲུབ་ཐབས་སུ་ཕྱིའི་རྒྱལ་ཁབ་ཁག་ནས་བོད་ཀྱི་དྲང་བདེན་ཐབས་རྩོད་ལ་རྒྱབ་བསྐྱོར་དང་གདུངས་སེམས་མཉམ་བསྐྱེད་ཀྱི་དཔལ་འབྱོར་འདུ་འགོད་བཅས་ཀྱི་ཆེད་ཕྱི་ལོ་ ༡༩༩༧ ལོར་སྒོ་འཛུགས་གནང་པ་ཞིག་ཀྱང་བར་སྐབས་ནས་ལས་གཞི་ཡར་རྒྱས་འབྱུང་ཐབས་ལེགས་བཅོས་ཞུ་སྒོ་ཁག་ཞུས་ཏེ་རྒྱ་ཁྱབ་ནུས་ཤུགས་སྤེལ་ཐབས་ཞུ་བཞིན་པ་ཡིན།

ལག་དེབ་སྔོན་པོའི་དམིགས་ཡུལ་ཁག་གཤམ་གསལ།
༡། ཕྱིའི་མི་རིགས་ནས་བོད་དོན་ཐོག་གདུངས་སེམས་མཉམ་བསྐྱེད་རྒྱབ་བསྐྱོར་སྔར་ལྷག་འབྱུང་ཐབས་འབད་བརྩོན་ཞུ་རྒྱུ།
༢། འཛམ་གླིང་ནང་བོད་དོན་རྒྱབ་བསྐྱོར་བ་ས་ཡ་གཅིག་འབྱུང་ཐབས་དམིགས་ཚད་འཇོག་རྒྱུ།
༣། ཕྱིའི་རྒྱལ་ཁབ་སྤྱི་དང་ལྷག་པར་རྒྱ་གར་སྤྱི་ཚོགས་ནས་རྒྱབ་བསྐྱོར་ཤུགས་ཆེ་འབྱུང་ཐབས་ཞུ་རྒྱུ།
༤། གལ་ཆེའི་ལས་གཞི་འདི་བཞིན་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་ཁྱབ་ཐབས་ཞུ་རྒྱུ།

ཁ། བོད་མིའི་འཛིན་སྐྱོང་བདེ་དོན་ཚོགས་པ།
བོད་མིའི་འཛིན་སྐྱོང་བདེ་དོན་ཚོགས་པ་འདི་བཞིན་རྒྱ་གར་མཉམ་འབྲེལ་དེབ་བསྐྱེལ་ ༡༨༦༠ འོག་ཁྲིམས་མཐུན་གྱིས་ཕྱི་ལོ་ ༡༩༨༨ ཕྱི་ཟླ་ ༢ ཚེས་ ༢༢ ཉིན་དེབ་བསྐྱེལ་ཞུས་པས་དམིགས་ཡུལ་གཙོ་བོ་སྤྱི་ཚོགས་ཀྱི་ལས་གཞི་རིམ་པས་ཡར་རྒྱས་གཞི་རྒྱ་ཆེ་རུ་འགྲོ་བཞིན་པ་ཁག་གནས་ཡུལ་གཞུང་གི་ཁྲིམས་དང་མཐུན་པ་དགོས་མཁོ་ཇི་ཆེར་འགྲོ་མུས་དང་དེབ་བསྐྱེལ་མེད་པའི་ལས་ཁུངས་ཁག་ཁྲིམས་མཐུན་འབྱུང་ཐབས་དེབ་བསྐྱེལ་ཞུས་པ་ཞིག་ཡིན། བོད་མིའི་འཛིན་སྐྱོང་བདེ་

དོན་ཚོགས་པའི་དམིགས་ཡུལ་ཁག་ནིཿ
༡། བཙན་བྱོལ་བོད་མིའི་འཚོ་ཐབས་ཡར་རྒྱས་གཏོང་ཐབས་ཞུ་རྒྱུ།
༢། སྤྱི་ཚོགས་ནང་ཆོས་ལུགས་ཕན་ཚུན་འཆམ་མཐུན་དང་མཐུན་བསྒྲིལ་གནས་ཐབས།
༣། བཙན་བྱོལ་བོད་མི་རྣམས་རང་ཁ་རང་གསོ་འབྱུང་ཐབས་ཆེད་ལས་རིགས་གསར་བསྐྲུན།
༤། བོད་ཀྱི་མཐུན་མོང་མ་ཡིན་པའི་གསོ་བ་རིག་པའི་སྲོལ་རྒྱུན་དང་ལག་ཤེས་རྒྱུན་འཛིན།
༥། བོད་མིའི་ཤེས་ཡོན། འཕྲོད་བསྟེན། ཆོས་དང་རིག་གཞུང༌། ངལ་སེལ། དྲིལ་བསྒྲགས་སླད་དཔལ་འབྱོར་མཐུན་བསྒྱུར་ཞུ་རྒྱུ།

ད་ལྟའི་བོད་མིའི་འཛིན་སྐྱོང་བདེ་དོན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་མཚན་གཞུང༌།
༡། སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག ཚོགས་གཙོ།
༢། དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག ཚོགས་གཞོན།
༣། ཆོས་རིག་དྲུང་ཆེ་ངག་དབང་ཆོས་གྲགས། ཚོགས་མི།
༤། ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ། ཚོགས་མི།
༥། དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ། ཚོགས་མི།
༦། ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང༌། ཚོགས་མི།
༧། འཕྲོད་བསྟེན་དྲུང་ཆེ་བསོད་ནམས་ཆོས་འཕེལ། ཚོགས་མི།
༨། དཔལ་འབྱོར་ཟུང་དྲུང་དབང་འདུས་ཚེ་རིང༌། ཚོགས་མི།

ག སྤྱི་ཚོགས་ཡར་རྒྱས་ཐེབས་རྩ།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་གཞི་ཁག་དཔལ་ལྡན་བཀའ་ཤག་ནས་དག་མཆན་བཀའ་འཁྲོལ་སྩལ་ཐོབ་རིགས་ཀྱི་རོགས་དངུལ་ཐབས་འཚོལ་ཞུ་རྒྱུ་མཚོན་ལས་ཁུངས་གཅིག་ནས་ཁུངས་སྤྲོད་དང་ཞིབ་འཇུག་སྟངས་འཛིན་མཚོན་རོགས་ཚོགས་ཁག་དང་ཐད་འབྲེལ་འཕྲལ་ཕུགས་དམིགས་ཡུལ་དུ་མར་གཟིགས་ཏེ་རྒྱ་གར་མཉམ་འབྲེལ་དེབ་བསྐྱེལ་ཁྲིམས་གཞིའི་འོག་ཁེ་མེད་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་འདི་བཞིན་ཕྱི་ལོ་ ༡༩༩༧ ཕྱི་ཟླ་ ༦ ཚེས་ ༡༩ ཉིན་དེབ་བསྐྱེལ་དངོས་སུ་འགོ་འཛུགས་ཐུབ་པ་བྱུང༌། ཚོགས་པའི་དམིགས་ཡུལ་ཁག་ནིཿ
༡། བོད་མི་རྣམས་རང་གསོ་ཐུབ་ཐབས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་སླད་རོགས་བསྐྱོར།
༢། སྤྱི་ཚོགས་ནང་ཤེས་ཡོན། འཕྲོད་བསྟེན། ཁོར་ཡུག་དང་ལས་རིགས་ཀྱི་མཐུན་རྐྱེན་སྤྱོར་སྤྲོད།
༣། བོད་མིའི་ཆོས་དང་རིག་གཞུང་མི་ཉམས་རྒྱུ་འཛིན་དང་གོང་སྤེལ་གཏོང་ཐབས།
༤། བོད་མིའི་འཛུགས་བསྐྲུན་ཡར་རྒྱས་ལས་གཞིའི་ཆེད་མ་དངུལ་ཟུར་འཛུགས།
༥། མ་འོངས་བོད་མིའི་བདེ་ཐབས་སླད་མང་གཙོ་འཕེལ་རྒྱས་གཏོང་ཐབས་མཐུན་འགྱུར།

ད་ཡོད་འགན་འཛིན་ལྷན་ཚོགས་ཀྱི་མཚན་གཞུང་གཤམ་གསལ།
༡། སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག ཚོགས་གཙོ།
༢། དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག ཚོགས་གཞོན།
༣། དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོེ། ཚོགས་དྲུང༌།
༤། དགའ་ལྡན་ཕོ་བྲང་དྲུང་ཆེ་འཆི་མེད་རིག་འཛིན། ཚོགས་མི།
༥། མཁས་དབང་དཀོན་མཆོག་བརྩོན་འགྲུས། ཚོགས་མི།
༦། དཔལ་འབྱོར་ཟུང་དྲུང་དབང་འདུས་ཚེ་རིང༌། ཚོགས་མི།
༧། དཔལ་འབྱོར་དྲུང་གཞོན་བུ་འཁྲིད། ཚོགས་མི།

༢། ཡོང་འབབ་སྡེ་ཚན།
ཀ འཛིན་སྐྱོང་ཚན་པ།
དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཡོངས་འཛིན་སྐྱོང་དང་འབྲེལ་བའི་ཞུ་སྒོ་ཁག་གི་ཐོག་ལོ་འཁོར་ལས་བསྡོམས་བཟོ་སྒྲིག་འགན་འཁུར་ཞུ་བཞིན་པ་ཡིན།

ཁ། གྲངས་ཐོའི་ཚན་པ།
ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲག་པོའི་དཔུང་དམག་ནས་བོད་ས་ཡོངས་རྫོགས་བཙན་འཛུལ་བྱས་རྐྱེན་ྋ་གོང་ས་མཆོག་གི་དབུས་བོད་མི་འབུམ་ལ་ཉེ་བ་བཙན་བྱོལ་དུ་གྱར་དགོས་བྱུང་རྗེས་བོད་མིའི་རང་ཆས་སུ་མངའ་བས་ཐུན་མོང་མ་ཡིན་པའི་རྩ་ཆེའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་རང་དབང་སླར་གསོའི་ཆེད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཕྲ་ཚུགས་གནས་ཐབས་བྱ་རྒྱུར་བོད་མི་རང་ངོས་ནས་དཔལ་འབྱོར་རྒྱབ་རྟེན་དང་བླངས་དཔྱ་དངུལ་འབུལ་བཞེས་འགན་འཁུར་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་ཁག་ནས་གནང་བཞིན་པ་ཡིན།

བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་ཐོག་མ་ཕྱི་ལོ་ ༡༩༧༢ ལོར་གནས་མཆོག་ཝ་ར་ན་སིར་གནས་འཁོད་རྒྱལ་གཅེས་ལྷག་བསམ་ཕྱུག་པའི་བོད་མི་ཁག་གཅིག་ནས་མ་བསྐུལ་དང་བླངས་གི་ལས་དོན་འགོ་འཛུགས་གནང་རྗེས་ཕྱི་ལོ་ ༡༩༧༢ ཟླ་ ༧ ཚེས་ ༣༠ ཉིན་བཞུགས་སྒར་དུ་སྔོན་འགྲོའི་ཚོགས་ཆེན་སྐབས་ལོ་རྒྱུས་རང་བཞིན་ལྡན་པའི་མང་ཚོགས་ནས་བོད་རང་དབང་སླར་གསོའི་དཔལ་འབྱོར་གྱི་རྒྱབ་རྟེན་དང་བླངས་དཔྱ་དངུལ་འབུལ་ཕྱོགས་དང་འབྲེལ་བའི་གལ་
ཆེའི་གྲོས་ཆོད་འཇོག་གནང་མཛད་དོནཿ
༡། བོད་མི་རིགས་ཀྱི་ད་ལྟ་དང་མ་འོངས་པའི་བདེ་སྡུག་གནས་སྟངས་གཟིགས་ཐུབ་ཆེད་གཞུང་གི་སྒྲིག་ འཛུགས་སྲ་བརྟན་ཞིག་དགོས་པ་དང་དེའི་དཔལ་འབྱོར་གནས་སྟངས་རང་ཚུགས་ཐུབ་པ་ཞིག་མེད་ ཐབས་མེད་པར་བརྟེན། ཕྱི་ལོ་ ༡༩༧༢ ཟླ་ ༨ ཚེས་ ༡ ནས་འགོ་འཛུགས་ཀྱིས་བཙན་བྱོལ་བོད་ མི་ཡོངས་ནས་མ་བསྐུལ་དང་བླངས་གིས་དཔྱ་དངུལ་དང༌། ཕོགས་ཡོད་རྣམས་ནས་ཕོགས་འབབ་བརྒྱ་ཆ་འབུལ་རྒྱུ། ཞེས་གསལ་བ་བཞིན་ཕྱི་ལོ་ ༡༩༩༢ ཕྱི་ཟླ་ ༤ ཚེས་༡ ཉིན་སྐབས་བཅུ་གཅིག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དང་བསྡུ་དངུལ་འབུལ་འབབ་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་པ་གཞི་བཟུང་རྒྱ་ཆེ་མང་ཚོགས་ནས་གུས་བརྩི་ཆེན་པོས་དཔྱ་དངུལ་ཆད་ལུས་མེད་པ་དང་བླངས་གིས་ཕུལ་དང་འབུལ་བཞིན་པ་ཡིན། དང་བླངས་དཔྱ་དེབ་བརྒྱུད་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་བཞིན་བོད་མི་རང་ཉིད་དང་རྒྱལ་སྤྱིའི་ནང་དུའང་ཁྲིམས་མཐུན་གྱི་གཞུང་ཡིན་པ་ངོས་འཛིན་མཚོན་ཐབས་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་རྟག་ཏུ་གཞན་རྟེན་མི་དགོས་པར་རང་ངོས་ནས་སྲ་བརྟན་ཐུབ་པའི་དགོས་པ་ཧ་ཅང་ཆེན་པོ་ཡོད། དང་བླངས་དཔྱ་དངུལ་འབུལ་རྒྱུ་ནི་བོད་ཀྱི་ཡུལ་མིའི་ཐོབ་ཐང་ཡིན་པ་མ་ཟད་དེ་ལོངས་སུ་སྤྱོད་པའི་ཆེད་སྒྲུབ་འབུལ་དགོས་པའི་ལས་འགན་གལ་ཆེ་ཞིག་ཀྱང་ཡིན།

དང་བླངས་དཔྱ་དངུལ་ལག་དེབ།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡༣ པའི་ནང་གསེས་ ༤ ནང་གསལ་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་གི་འབུལ་འབབ་ཀྱི་ཁྲིམས་ཡིག་དགོངས་དོན་བོད་མི་རང་ལོ་ ༦ ཧྲིལ་པོ་སོན་པ་རྣམས་བཙན་བྱོལ་བོད་མི་ཡིན་པའི་ངོས་འཛིན་དང་ངོ་སྤྲོད་ཡིག་ཆ་ཚད་འཛིན་ཞུ་ཡུལ་གལ་ཆེ་ཞིག་ཡིན།
དཔྱ་དེབ་གསར་བཟོ་དང་ནོར་བཅོས་དགོས་རིགས་དཔལ་ལྡན་བཀའ་ཤག་ནས་ལམ་སྟོན་སྔ་རྗེས་གསལ་བསྒྲགས་དང༌། ལྷག་པར་དུ་ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༥ འཁོད་པའི་ལམ་སྟོན་གསལ་བསྒྲགས་དགོངས་དོན་ཞིབ་ཕྲ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྐུ་ཚབ་དོན་གཅོད་རྣམ་པ་དང༌། རྒྱ་བལ་འབྲུག་གསུམ་ནང་ས་གནས་འགོ་འཛིན་དང་ས་གནས་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་སོ་སོ་ནས་ལམ་སྟོན་དང་འབྲེལ་ཆགས་འགེངས་ཤོག་ཞིབ་བཀང་གིས་དཔལ་འབྱོར་ལས་ཁུངས་སུ་འབུལ་མཚམས་དཔྱ་དེབ་གསར་བཟོ་དང་ནོར་བཅོས་ཞུ་བཞིན་པ་ཡིན།

ག དཔྱ་ཁྲལ་ཚན་པ།
བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་གི་འབུལ་འབབ་ཁྲིམས་ཡིག་དགོངས་དོན་ལས་དོན་ཁག་ྋདཔལ་ལྡན་བོད་མི་མང་སྤྱི་འཐུས་རྒྱུན་འབྲེལ་སྡེ་ཚན་དང༌། ས་གནས་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་ཁག ཕྱི་རྒྱལ་སྐུ་ཚབ་དོན་ཁང་བཅས་བརྒྱུད་ལས་འཁུར་དམ་དོན་ཞུ་བཞིན་པ་ཡིན།

དཔྱ་དངུལ་འབབ་ཚད།

རྒྱ་བལ་འབྲུག་གསུམ་ནང་ལོ་རེར་ཧིན་སྒོར།

ལོ དཔྱ་དངུ།ལ ཟས་བཅད བསྡོམས
༦ ནས་ ༡༤ བར། ༡༢ མེད། ༡༢
༡༥ ནས་ ༡༧ བར། ༤༨ མེད་ ༤༨
༡༨ ཡན། ༤༨ ༡༠ ༥༨

གོང་གསལ་རྒྱ་ཁབ་གསུམ་ཕུད་པས་གཞན་ཁག་ནང་ལོ་རེར་ཨ་སྒོར།

ལོ དཔྱ་དངུ།ལ ཟས་བཅད བསྡོམས
༦ ནས་ ༡༧ བར། ༣༦ མེད། ༣༦
༡༨ ཡན། ༣༦ ༡༠ ༤༦

ཕོགས་ཐོབ་བརྒྱ་ཆ།
༡། རྒྱ་གར་དང་བལ་ཡུལ། འབྲུག་གསུམ་ནང་གནས་སྡོད་བོད་མི་ཕོགས་ཡོད་རྣམས་ཀྱིས་རང་གི་རྩ་ཕོགས་ཀྱི་བརྒྱ་ཆ་བཞིའམ། སྒང་ཕོགས་ཀྱི་བརྒྱ་ཆ་གཉིས་གང་མང་བ་དེ་འབུལ་དགོས། རྩ་ཕོགས་དང་སྒང་ཕོགས་ཐ་སྙད་གསལ་ཁ་མེད་པ་ལས་དོད་དང་མཚན་དོད་ཐོབ་མཁན་རྣམས་ཀྱིས་ལས་དོད་དང་མཚན་དོད་འབབ་ནས་བརྒྱ་ཆ་ ༢་༧༠ འབུལ་དགོས།
༢། རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་དུ་གནས་སྡོད་བོད་མི་ཕོགས་ཡོད་རྣམས་ཀྱིས་ལོ་རེར་ཨ་སྒོར་ ༥༠ རེ་འབུལ་དགོས།
༣། རྒྱ་གར་དང་བལ་ཡུལ། འབྲུག་བཅས་སུ་གནས་སྡོད་བོད་མི་ཕོགས་ཐོབ་མེད་པ་ཚོང་ཁེའི་ཡོང་འབབ་ཡོད་རིགས་རྣམས་ནས་བློས་བཅད་ཀྱིས་ཚོང་ཕུད་ཞལ་འདེབས་ལོ་ལྟར་བསྡུ་འབུལ་དགོས་རྒྱུ།
སྤྱི་པའི་བཟོ་མཉམ་ཁག་གི་གཙང་ཁེའི་བརྒྱ་ཆའི་འབབ་ཚད།
༡། བོད་མིའི་སྒྲིག་འཛུགས་ནས་གཏན་འབེབས་ངོས་འཛིན་གནང་བའི་སྤྱི་པའི་མཉམ་ལས་དང༌། བཟོ་ཚོང་རྣམས་ཀྱིས་ལོ་རེའི་གཙང་ཁེའི་བརྒྱ་ཆ་ ༡༥ རེ་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་ནས་རྩིས་ཞིབ་གནང་བའི་ཁེ་གུན་རྩིས་འབྲས་སྙན་ཐོ་གཞི་བཟུང་འབུལ་རྒྱུ། སྤྱི་པའི་མཉམ་ལས་དང་བཟོ་ཚོང་སྡེ་ཚན་གང་ཞིག་ལོ་རང་བཀག་
རྩིས་གསལ་གཙང་ཁེ་གསལ་གྱི་ཡོད་རུང༌། ལོ་སྔོན་མ་རྣམས་སུ་སྡེ་ཚན་མ་ལག་དང་བཅས་པའི་ཕྱོགས་བསྡོམས་རྩིས་གསལ་དུ་སྡེབ་གསོག་གྱོང་གུན་ཡོད་རིགས་ཁ་གསབ་མ་ཟིན་བར་ལོ་འཁོར་གཙང་ཁེའི་བརྒྱ་ཆ་ ༡༥ འབུལ་མི་དགོས།
ས྄འདས་ལོ་ལྔའི་དཔྱ་དངུལ་འབུལ་འབབ་བྱུང་བ་གཤམ་གསལ་དཔེ་མཚོན་ལྟར་ཡིན།

༣། གཞུང་གྲོན་སྡེ་ཚན།
སྡེ་ཚན་འདིར་སྐབས་འཁྲིའི་ལས་འགན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་དང་བསྐྱར་བཅོས་སྔོན་རྩིས་བཟོ་འདོན་གྱིས་བཀའ་ཤག་ཏུ་རྒྱབ་གཉེར་འཆར་འབུལ་དང་གྲོས་ཚོགས་ནས་བཀའ་འཁྲོལ་ཞུ་ཐོབ་མཚོན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་གྲོན་དང་དཔལ་འབྱོར་དང་འབྲེལ་བའི་སྲིད་བྱུས་ཁག་ལ་སྟངས་འཛིན་ཞུ་བཞིན་ཡོད།

ཀ སྔོན་རྩིས་ཚན་པ།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༢ དང༌། གཞུང་དངུལ་འདུ་འགོད། ལོ་འཁོར་སྔོན་རྩིས་དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞིའི་དོན་ཚན་ ༨ དང་ ༩ དགོངས་དོན་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་དང༌། བསྐྱར་བཅོས་སྔོན་རྩིས། བར་བརྒལ། ཁ་བསྒྱུར་བཅས་ཀྱི་བཀའ་འཁྲོལ་འཆར་འབུལ་ཁག་ལ་ཞིབ་འཇུག་དང་ཕྱོགས་བསྡོམས་ཞུས་ཏེ། འཆར་འབུལ་ཐོག་བཀའ་ཤག་གིས་རྒྱབ་གཉེརདང༌། གྲོས་ཚོགས་དང་སྤྱི་འཐུས་རྒྱུན་ལས་ཀྱི་བཀའ་འཁྲོལ་དང་འབྲེལ་བའི་ལས་དོན་ཞུ་སྒོ་མཐའ་དག་འཐུས་ཚང་ཞུ་བཞིན་པ་ཡིན།

བོད་མིའི་ཁྱད་ལས་དང་བླངས་ཞབས་ཞུ་ཚན་པ།

དམིགས་ཡུལ་རྩོ་བོ་ནི་བོད་མིའི་འཐབ་རྩོད་མུ་མཐུད་སྲ་བརྟན་རྒྱུན་གནས་དང། ནུས་ཤུགས་ཆེ་རུ་གཏོང་རྒྱུ། དེ་བཞིན་ཡར་རྒྱས་བཏང་སྟེ་བོད་དང་བོད་མིར་མི་རབས་ནས་མི་རབས་བར་ཐུགས་ཕན་གསོས་ཆེད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་ཡོད་པའི་ལས་ཐོག་དང་ལས་ཡོལ་ཟིན་པའི་ཁྱད་ལས་པ་དང། ན་གཞོན་འགོ་ཁྲིད་རྣམས་མཉམ་རུབ་ཀྱིས་དང་བླངས་ཀྱི་སྒོ་ནས་ཞབས་འདེགས་ཞུ་མཁན་གྱི་སྡེ་ཚན་ཞིག་བསྐྲུན་ཐབས་ཞུ་རྒྱུ་དེ་ཡིན། www.tibetcorps.org

འཆར་འགོད་ལྷན་ཁང་།

དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་འཆར་འགོད་ལྷན་ཁང་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་གི་ལས་ཁུངས་མ་ལག་དང་བཅས་པའི་འཆར་གཞི་ཁག་གི་འཆར་འགོད་ཆེད་ཟུར་འཛུགས་གནང་བ་ཡིན། དེས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་མི་དང་། དངོས་པོའི་ནུས་པ། དཔལ་འབྱོར་བཅས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རིམ་ལ་གཞིགས་པའི་དགེ་བེད་ལོངས་སྤྱོད་རྒྱུའི་འཆར་གཞི་ཁག་འགོད་འདོམས་གནང་གི་ཡོད།

ཁ། གཞུང་གྲོན་ཚན་པ།
ལས་ཁུངས་མ་ལག་དང་བཅས་པའི་སྤྱི་ཡོངས་དངུལ་རྩིས་འགོད་ཉར་དང་བཏང་འཛིན། ལས་བྱེད་གསར་བསྐོ་དང་གནས་སྤར་བཅས་ཀྱི་ཕོགས་རིམ་གཏན་འབེབས་དང་བསྐྱར་བཅོས། སྒྲིག་མཐུན་རྒལ་ཡོལ་དང་རྩ་དགོངས་ཞུས་སྩལ་སོ་སོའི་རྒས་ཕོགས་དང་གཟིགས་གསོལ་ཐོབ་ཐང་རྩིས་བསྐོར། ཕྱོགས་བཞུགས་རྒས་ཡོལ་བའི་རྒས་ཕོགས་ཁུངས་སོ་སོར་འབུལ་གཏོང་ཞུ་རྒྱུ། རྩ་དགོངས་དང༌། རྒལ་ཡོལ་ཞུས་སྩལ་གྱི་གསོག་དངུལ་དང་མཐུན་རྐྱེན། ཐོབ་ཐང་བཅས་ཞུ་ལེན་སྐབས་སྒྲིག་དོན་དང་ལམ་སྟོན་འགལ་འཛོལ་མི་འབྱུང་བའི་ཞུ་སྒོ་ཁག ཟླ་ ༦ མཚམས་སུ་ཡུལ་ཐང་འཕར་འབབ་དང་བསྟུན་ཏེ་ཕོགས་ཐོབ་ཀྱི་ཡུལ་ཐང་གུན་གསབ་ཀྱང་དེ་མཚུངས་སྤར་ཕྱོགས་བཀའ་ཤག་ལ་འཆར་འབུལ་གྱིས་ཆོག་མཆན་ཐོན་མཚམས་མཇུག་སྐྱོང་ཞུ་སྒོ་ཁག་དང༌། གཞུང་གི་ཕེབས་འཁོར་ཡོངས་རྫོགས་ཀྱི་སྤྱི་ཡོངས་བཏང་འཛིན་འགན་འཁུར་ཞུ་བཞིན་པ་བཅས། དཔལ་འབྱོར་ལས་ཁུངས་ནས་ ༢༠༡༢ ཕྱི་ཟླ་ ༡༠ ཚེས་ ༢༥ ལ།།

༄༅། དཔལ་འབྱོར་བཀའ་བློན་རིམ་བྱོན་གྱི་མཚན་གཞུང་གཤམ་གསལ།

ཨང༌། མཚན། འགོ་འཛུགས། འཕོ་དུས།
བྱེ་གཤོངས་ཚེ་དབང་རྟ་མགྲིན། ༡༩༧༣།༡༢།༡༩ ༡༩༨༣།༠༣།༡༥
གྲ་ཕྱི་ཕུན་རབ་པ་བློ་བཟང་དར་རྒྱས། ༡༩༨༣།༠༣།༡༦ ༡༩༩༠།༠༥།༣༠
སྐལ་བཟང་ཡེ་ཤེས། ༡༩༩༠།༠༦།༠༡ ༡༩༩༡།༠༧།༠༡
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། ༡༩༩༡།༠༨།༠༩ ༡༩༩༤།༠༨།༣༠
ཟླ་བ་ཚེ་རིང༌། ༡༩༩༤།༠༩།༠༡ ༡༩༩༦།༠༥།༣༠
བཟོད་པ་རྒྱ་མཚོ།། ༡༩༩༦།༠༦།༠༡ ༢༠༠༡།༠༩།༠༤
ཛ་ཡུལ་བློ་བཟང་སྙན་གྲགས། ༢༠༠༡།༠༨།༡༥ ༢༠༠༦།༠༨།༡༤
བཀའ་ཁྲི་ཟམ་གདོང་བློ་བཟང་བསྟན་འཛིན། ༢༠༠༦།༠༨།༡༥ ༢༠༠༧།༡༠།༠༤
ཚེ་རིང་དོན་གྲུབ། ༢༠༠༧།༡༠།༠༥ བཀའ་བློན་ལས་ཐོག།

༄༅། དཔལ་འབྱོར་དྲུང་ཆེ་རིམ་བྱོན་གྱི་མཚན་གཞུང༌།

ཨང༌། མཚན། འགོ་འཛུགས། འཕོ་དུས།
ལྷུན་གྲུབ་རྒྱལ་པོ། ༡༩༦༩།༠༦།༠༢ ༡༩༧༢།༡༢།༠༥
སྟག་གཟིམ་ཉི་མ་བཟང་པོ། ༡༩༧༢།༡༢།༠༦ ༡༩༧༥།༠༢།༠༥
དགེ་འདུན་དགེ་ལེགས། ༡༩༧༥།༠༤།༠༡ ༡༩༨༠།༠༢།༢༠
གྲ་ཕྱི་ཕུན་རབ་བློ་བཟང་དར་རྒྱས། ༡༩༨༠།༠༥།༠༡ ༡༩༨༣།༠༣།༡༠
ཟླ་བ་ཚེ་རིང༌།། ༩༨༣།༠༣།༢༡ ༡༩༩༡།༠༨།༢༤
ཚེ་རིང་བཀྲིས། ༡༩༩༡།༠༩།༢༥ ༡༩༩༤།༦།༣༠
ངམ་དྲུང་བཀྲིས་ཕུན་ཚོགས། ༡༩༩༤།༠༧།༠༡ ༡༩༩༨།༠༡།༢༠
སྟག་ལྷ་རྣམ་རྒྱལ་ལྷ་མོ། ༡༩༩༧།༠༥།༠༧ ༡༩༩༨།༠༡།༢༠
ཨམྱེ་ཚང་ཐུབ་བསྟན་བཀྲིས། ༡༩༩༨།༡།༢༡ ༢༠༠༢།༠༤།༠༩
༡༠ བདེ་ཤར་ཚེ་རིང་རྡོ་རྗེ། ༢༠༠༢།༤།༡༡ ༢༠༠༣།༡༠།༢༦
༡༡ འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ། ༢༠༠༣།༡༠།༢༧ ༢༠༡༠།༢།༢༨
༡༢ ཟླ་བ་རྡོ་རྗེ། ༢༠༡༠།༣།༡ ༢༠༡༢།༥།༣༡
༡༣ འཕྲིན་ལས་རྒྱ་མཚོ། ༢༠༡༢།༠༥།༠༤ དྲུང་ཆེ་ལས་ཐོག