༢༠༡༥ ཟླ་ ༦ ཚེས་ ༢༠ རེས་གཟའ་སྤེན་པ།

༄༅། །དོལ་རྒྱལ་རྗེས་འབྲང་པ་ཚོས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མངོན་སུམ་འཛེམ་མེད་ཀྱིས་གཞི་མེད་སྐྱོན་འཛུགས་དང་། མཚན་སྨད་ངོ་རྒོལ་ཞུས་དང་ཞི་བཞིན་པར་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཆོས་ཚོགས་ཐེངས་བཅུ་གཉིས་པ་འདིའི་ཐོག་ནས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། མགོན་པོ་གང་ཉིད་ནས་རྒྱལ་བསྟན་སྤྱི་དང་། ཡང་སྒོས་བོད་ཀྱི་བསྟན་པ་ཆབ་སྲིད། དེ་བཞིན་རྗེས་འཇུག་གདུལ་བྱ་རྣམས་ཀྱི་འདི་ཕྱིའི་གཏན་དོན་ཁོ་ནར་ཐུགས་དགོངས་ཆེ་བཞེས་ཀྱིས་དངོས་ཡོད་བདེན་པའི་ལམ་ནས་དམ་སྲི་དོལ་རྒྱལ་བསྟེན་གསོལ་གྱི་སྤང་བླང་ལམ་སྟོན་གསལ་བར་མཛད་པར་བཀའ་དྲིན་རྗེས་སུ་དྲན་ཞིང་ཡི་རངས་མངོན་བསྟོད་དང་། ཁ་ཞེ་གཉིས་མེད་ཀྱིས་བརྩི་སྲུང་དྭང་ལེན་ཚུལ་བཞིན་ཞུ་རྒྱུ་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་སུ། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་བླ་ཆེན་དབུ་བཞུགས་ཐོག་ཆོས་ཚོགས་ཐེངས་བཅུ་གཉིས་པའི་ཚོགས་བཅར་བ་སྤྱི་མགྲིན་ནས། རབ་གནས་ཤིང་ལུག་བོད་རྒྱལ་ལོ་ ༢༡༤༢ ཟླ་ ༥ ཚེས་ ༤ ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༠ ལ།།