བཀའ་ཤག་གི་གསལ་བསྒྲགས།

༄༅། །རང་རེ་གངས་ལྗོངས་བོད་མི་རྣམས་ནས་འདས་པའི་ལོ་བཞི་བཅུར་ཉེ་བའི་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་དབུ་ཁྲིད་འོག་མི་ལོ་སྟོང་ཕྲག་གཉིས་ལྷག་ཙམ་གྱི་རྒྱལ་རབས་ལོ་རྒྱུས་ཡོད་པའི་བོད་རྒྱལ་ཁབ་ཀྱི་བདག་དབང་ཐོབ་ཐང་བསྐྱར་གསོ་ཡོང་ཐབས་དང༌། ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་གནས་ཡོང་ཐབས། དེ་དང་འབྲེལ་བའི་རང་རེའི་རིག་གཞུང་སྲུང་སྐྱོབ་མི་ཉམས་གོང་མཐོར་སྤེལ་ཐབས་བཅས་སུ་སྙིང་སྟོབས་དང་རྣམ་དཔྱོད་ཟུང་འབྲེལ་གྱིས་འཐབ་རྩོད་བྱས་པར་བརྟེན་བདེན་མཐའ་གསལ་ལ་ཉེ་བའི་དུས་བབ་བཟང་པོ་ཞིག་འཆར་བཞིན་ཡོད་པ་མ་ཟད། འཛམ་གླིང་ཐོག་བཙན་བྱོལ་བ་འདྲ་འདྲའི་ནང་ནས་གཞན་དང་མི་འདྲ་བའི་བསྔགས་བརྗོད་ཀྱི་ཡུལ་དུ་གྱུར་པ་འདི་བྱུང་ཡོད། འོན་ཀྱང་རང་རེར་ད་ལྟ་མཐར་ཐུག་གི་རྒྱལ་ཁ་ཐོབ་མེད་པའི་ཁར། ད་དུང་གཟུགས་ཅན་དང་གཟུགས་མེད་ཀྱི་འགལ་རྐྱེན་བར་ཆད་སྣ་ཚོགས་ཡོང་དང་ཡོང་བཞིན་ཡོད་པ་འདི་རང་རེས་ངོས་འཛིན་གསལ་པོར་ཐུབ་པ་བྱེད་དགོས།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགལ་རྐྱེན་འདི་དག་གི་ཐད་ལ་ལོ་ནས་ལོ་བསྟུད་རྟོག་ཞིབ་མཐར་ཕྱིན་གནང་བའི་སྙིང་པོ་གཅིག་ནི་དོལ་རྒྱལ་བསྟེན་གསོལ་བྱས་ན་བོད་གཞུང་དགའ་ལྡན་ཕོ་བྲང་གི་བསྟན་སྲིད་གཉེར་དུ་གཏད་པའི་སྲུང་མ་དམར་ནག་གཉིས་དང༌། རི་བོ་དགེ་ལྡན་པའི་བསྟན་སྲུང་དམ་ཅན་ཆོས་ཀྱི་རྒྱལ་པོ་སོགས་ལ་ཕོག་ཐུག་འགྲོ་གི་ཡོད་པ་མ་ཟད། བོད་ཀྱི་སྤྱི་དོན་ལ་ཕན་མེད་གནོད་རྐྱེན་དུ་འགྲོ་བ་གསལ་པོར་གཟིགས་ཏེ་༸གོང་ས་མཆོག་གིས་ ༡༩༧༦ ལོ་ནས་མཚམས་འཇོག་གཙང་མ་གནང་བ་དང༌། རང་ཅག་རྣམས་ལའང་དེ་དག་གནས་བབ་ལས་བརྒལ་བའི་བསྟེན་གསོལ་མི་རུང་བའི་གནད་དོན་ལོ་རྒྱུས་དང་སྦྲགས་ལམ་སྟོན་མིག་ཁ་ཕྱེ་བ་ལྟ་བུ་ཞིག་ལོ་ནས་ལོ་བསྟུད་གནང་བ་བཞིན་བོད་གཞིས་བྱེས་སུ་འཁོད་པའི་བླ་མ་དང༌། མཁན་པོ། དགེ་བཤེས། སེར་སྐྱ་མང་ཚོགས་བཅས་མང་པོ་ཞིག་གི་བཀའ་བརྩི་དང་ལེན་གྱིས་མཚམས་འཇོག་བྱས་པ་དང༌། བོད་ཀྱི་སྤྱི་དོན་ལ་འགྱུར་བ་ཆེན་པོ་བྱུང་བ་ཚང་མས་མཐོང་གསལ་ཡིན། འོན་ཀྱང་ཁག་གཅིག་ནས་བོད་སྤྱི་དོན་གྱི་འགག་རྩ་ཆེན་པོ་ཞིག་ལ་ཐུག་པ་ངོས་འཛིན་མ་ཐུབ་པའམ། ཡང་ན་ངོས་འཛིན་ཇི་བཞིན་མ་བྱས་པར་མུ་མཐུད་བསྟེན་གསོལ་སྤྲོས་པ་ཆེན་པོ་བྱེད་ཀྱི་ཡོད་པ་དང༌། ཡང་འགའ་ཞིག་གིས་རང་གིས་བསྟེན་པས་མ་ཚད་ཆེད་མངགས་གཞན་ལ་དར་སྤེལ་གཏོང་གི་ཡོད་པ་བཅས་ཀྱིས་ལྷ་མི་དམ་ཚིག་མི་མཐུན་པ་ཆགས་པར་བརྟེན་༸གོང་ས་མཆོག་གི་ཐུགས་དང་མ་འཚམ་པ་ཆེན་པོ་ཡོང་གི་ཡོད་པ་འདི་ནི་བོད་ཀྱི་སྤྱི་དོན་དང༌། ༸རྒྱལ་བའི་སྐུ་ཕྱྭ་བཅས་པའི་འགལ་རྐྱེན་ཆེ་ཤོས་ཤིག་ཏུ་གྱུར་ཡོད།

འདི་ལོའི་དཔྱིད་ཆོས་སྐབས་༸གོང་ས་མཆོག་གིས་དེང་སང་ང་ཚོ་བོད་སྤྱི་པའི་དོན་ལ་དཀའ་ལས་རྒྱག་པའི་དུས་ཚོད་འདི་འདྲའི་སྐབས་སུ་ལྷ་མི་གང་ཡིན་ནའང་དམ་ཚིག་མཐུན་པོ་དགོས་རྒྱུ་གལ་ཆེན་པོ་ཡིན། མི་དམ་ཚིག་མི་གཙང་བའི་ཐོག་ནས་སྐབས་རེ་དཀའ་ངལ་འཕྲད་ཀྱི་ཡོད་པ་ནང་བཞིན་ལྷ་སྲུང་གི་ནང་ལའང་སྐབས་རེ་དམ་ཚིག་མི་གཙང་བ་ཡོང་གི་འདུག་ཅེས་ངས་སྔ་རྗེས་མང་པོ་བཤད་ཡོད། ད་ལྟ་ཡང་སྔོན་མ་བཤད་པའི་སྐད་ཆ་དེ་ག་རང་འགྱུར་བ་མེད་པར་བསྡད་ཡོད་ཅེས་གསལ་ཁ་གཏོད་གནང་བ་དང༌། ཡང་གྲྭ་ས་གྲྭ་ཚང་དང༌། བླ་བྲང་སྒེར་སུ་དང་སུ་ཡིན་ནའང་བོད་སྤྱི་པའི་དོན་དག་བསམ་གྱི་མེད་ན་གནས་ཚུལ་ཐ་དད་རེད། བོད་ཀྱི་སྤྱི་པའི་དོན་དག་བསམ་གྱི་ཡོད་པ་དང༌། བོད་སྤྱི་པའི་དོན་དག་ལ་ད་ལྟ་༸རྒྱལ་བ་རིན་པོ་ཆེས་འགན་འཁྱེར་ནས་བསྡད་ཡོད་པ་འདིར་རྒྱབ་སྐྱོར་ཡོད་ན་སྤང་བླང་མ་ནོར་བ་བྱེད་དགོས། ༸རྒྱལ་བ་རིན་པོ་ཆེས་འགན་འཁྱེར་བ་འདི་འདོད་ཀྱི་མེད་ན་གནས་ཚུལ་ཐ་དད་རེད་ཅེས་བཀའ་ནན་པོ་ཕེབས་ཡོད།

ད་དུང་ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༢༡ ཉིན་རྟ་མགྲིན་ཡང་གསང་གི་བཀའ་དབང་སྟ་གོན་སྐབས་བཀའ་གསལ་པོ་གནང་དོན་ལ། བར་སྐབས་བསྟན་སྲིད་ཀྱི་ཞབས་རིམ་མང་པོ་ཞིག་བསྒྲུབས་པ་ཡིན། ད་ལྟ་དོལ་རྒྱལ་ཕལ་ཆེར་རྒྱ་འདྲེ་དང་འབྲེལ་བ་ཤུགས་ཆེན་པོ་ཡོད་པའི་གནས་ཚུལ་ཞིག་ཡོང་གི་འདུག དེར་བརྟེན་ན་ནིང་རྟ་མགྲིན་གྱི་སྒྲུབ་པ་ཚོགས་སྐབས་དོལ་རྒྱལ་གྱི་མིང་དངོས་སུ་སྨྲོས་ནས་ཟློག་པ་བྱས་པ་རེད་ཅེས་དང༌། དེ་རིང་རྟ་མགྲིན་གྱི་དབང་བསྐུར་སྐབས་དོལ་རྒྱལ་བསྟེན་མཁན་ཡོད་ན་བདེ་པོ་ཞིག་ཨེ་ཡོང་སྙམ་པ་དྲན་བྱུང༌། ཁ་སྔོན་དབང་ཞུ་མཁན་ནང་དོལ་རྒྱལ་བསྟེན་མཁན་ཡོད་ན་འགྲིག་གི་མ་རེད་ཅེས་བརྗོད་པའི་རྒྱུ་མཚན་འདི་འདྲ་ཡིན། ལྷ་དམ་ཚིག་མ་གཙང་བའི་རྒྱུ་མཚན་གྱི་ཐོག་ནས། མི་དམ་ཚིག་མ་གཙང་བ་ཆགས་ན་ཁ་སྔོན་ཞུས་པ་བཞིན། དབང་བསྐུར་མང་པོ་བསྐུར་ལགས་སམ། དམ་ཉམས་ས་སྟེང་བཀང་ལགས་སམ། ཞེས་གསུངས་པ་ལྟར་དམ་ཉམས་བཟོ་བའི་རྒྱུ་མཚན་ཆགས་ཀྱི་ཡོད་དུས། ད་ལྟ་དབང་གྲལ་ནས་ལངས་ཏེ་ཕྱིན་ན་ཡག་གི་རེད་མ་གཏོགས་འདིར་བསྡད་ན་ཡག་པོ་མེད། དེས་སོ་སོར་ཡང་མ་ཕན། སྡུག་ས་ནས་བཤད་ན་༸རྒྱལ་བ་རིན་པོ་ཆེའི་ཚེ་ཐུང་དུ་འགྲོ་བ་ལྟ་བུ་བྱུང་ན་ཡག་པོ་མེད། ཡང་ཁྱེད་རང་ཚོ་༸རྒྱལ་བ་རིན་པོ་ཆེ་མགྱོགས་ཙམ་སྡུག་ཤི་བརྒྱབ་ན་སྙམ་པ་ཡོད་ཚེ་བསྡད་ན་འགྲིགས་ཞེས་དེ་ལྟ་བུའི་བཀའ་ནན་པོ་གནང་ཡོད། འདི་ལ་ཞིབ་ཏུ་བསམ་བློ་བཏང་ན་བོད་སྤྱི་དོན་དང༌། ༸རྒྱལ་བའི་སྐུ་ཕྱྭའགངས་ཆེ་ཐུག་པས་དོལ་རྒྱལ་མཚམས་འཇོག་བྱ་རྒྱུ་འདི་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་གལ་ཆེན་པོའི་གྲས་སུ་གྱུར་ཡོད།

ཡང་ཕེབས་དགོངས་སུ་ལར་ནས་༸གོང་ས་ལྔ་པ་ཆེན་པོའི་སྐབས་ལ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་དང་མ་འགྲིགས་པའི་གནས་ཚུལ་རྣམ་ཐར་ནང་ལ་གསལ་ཡོད་ལ། གསང་བ་རྒྱ་ཅན་གྱི་ནང་དུའང་ཧ་ཅང་གསལ་པོ་ཡོད། དེ་དག་ལ་ཁུངས་གནང་ནས་སྐུ་ཕྲེང་བཅུ་གསུམ་པས་དམ་བསྒྲགས་གནང་ཡོད། ཁོང་དགོངས་པ་གཞན་དོན་གཤེགས་རྗེས་ཆབ་སྲིད་ཀྱི་ཞབས་འདེགས་ཞུ་མཁན་ཚོའི་ནང་ནས་ཡིན་ནའང་འདྲ། ཕྱོགས་གཞན་དག་ནས་ཡིན་ནའང་འདྲ། མདོར་ན་ལྷ་སྲུང་བསྟེན་ཕྱོགས་ཐོག་ནས་ཡིན་ནའང་འདྲ། མང་པོ་ཞིག་སྐུ་མདུན་སྐུ་གོང་མ་འཚོ་ཞིང་གཞེས་པའི་སྐབས་ལ་བཏང་སྙོམས་སུ་ཡོད་པ་དེ་དག་གཞི་ནས་འཕག་འཚག་བརྒྱབ་སྟེ་མང་པོ་ཞིག་ཆགས་ཡོད། དོལ་རྒྱལ་ནི་དེའི་གྲས་ཤིག་ཆགས་ཡོད། ངོས་རང་༸གོང་ས་ལྔ་པ་ཆེན་པོའི་སྐྱེ་གྲལ་དུ་ཡོད་པ་དང༌། དེ་བཞིན་སྐུ་མདུན་སྐུ་གོང་མ་དང་ལས་འབྲེལ་ཐུན་མོང་མ་ཡིན་པ་ཡོད་པ་ཞིག་ཡིན་པས་༸གོང་ས་ལྔ་པ་ཆེན་པོ་དང་སྐུ་མདུན་སྐུ་གོང་མའི་སྐབས་ནས་ཕྱག་ལེན་ཡོད་པ་འདིའི་མཇུག་བསྐྱལ་རྒྱུ་ངའི་འགན་ཡིན། མི་ཁ་ཤས་ཀྱི་སྣང་བར་མི་འགྲོ་བ་ཡོང་གི་ཡོད་ཀྱང༌། འདི་ངའི་ངོས་ཀྱི་འགན་ཡིན་ཞིང༌། དེ་ཡང་༸རྒྱལ་བ་རིན་པོ་ཆེའི་དོན་དག་མ་ཡིནཔར། བོད་བསྟན་སྲིད་ཀྱི་དོན་དག་ཡིན་ཞེས་དང༌། བོད་སྤྱི་དོན་ལ་ཐུག་པའི་གནས་ཚུལ་འདིའི་སྐབས་ངོས་ནས་འགོ་བཙུགས་པའི་ལས་ཀ་འདི་མཐའ་བཀར་ནས་བྱེད་ཀྱི་ཡིན་མ་གཏོགས་མི་རེ་གཉིས་ཀྱི་བཀན་བཀན་བྱས་པའི་རྒྱུ་མཚན་གྱི་ངོས་ནས་ཕྱིར་འཐེན་རྒྱག་ཐབས་མེད། ངོས་ནས་དང་པོ་བརྟག་དཔྱད་ནན་ཏན་བྱས་ཏེ་ཐག་གཅོད་བྱས་པ་འདི་ལོ་ནས་ལོ་བསྟུད་དེ་མཇུག་སྐྱེལ་གྱི་ཡིན་མ་གཏོགས་འཇོག་གི་མིན། གདན་ས་ཚོའི་ནང་ཆ་བཞག་ན་མང་ཆེ་བ་སྐྱོན་མེད་ཀྱང༌། རེ་ཟུང་གི་ཀླད་པ་མཁྲེགས་པོ་བྱེད་ཀྱི་ཡོད་པ་གསལ་པོ་འདུག ཁྱེད་རང་སྒེར་པ་ཚོས་ཨོ་ཚོད་བྱས་ཏེ་ཨའུ་ཙི་མིན་ནམ་བསམ་ནས་བསྡད་ན་ཉི་མ་གཅིག་འགྱོད་པ་སྐྱེ་དགོས་ཆགས་ཡོང་ཞེས་དྲན་སྐུལ་ནན་པོ་གནང་བ་དང༌། ཡང་དེང་སང་རྒྱུ་ཕྲན་བུ་རག་གི་འདུག་བསམ་པ་ལྟ་བུ་བྱེད་པ་དང༌། ཁྱེད་རང་ཕལ་པ་ཚོའི་ནང་ནས་ཀྱང་དོལ་རྒྱལ་གསོལ་ན་ཚོང་ལམ་འགྲོ་འདུག་བརྗོད་མཁན་ཡོད། དེ་ནི་ལྟས་ངན་གྱི་སྐད་ཆ་ཡིན། དེ་ཚོའི་གྲས་ཡག་པོ་མ་རེད། ང་ཚོ་མིའི་ནང་སྡིག་གྲོགས་གང་འདྲ་བྱས་ཏེ་ཡོང་གི་ཡོད་པ་གུང་ཐང་ཚང་གིས་གསུངས་ཡོད་ཅེས་དང༌། མི་དང་ལྷ་ཀླུ། བཙན་དང་རྒྱལ་པོ་སོགས་གང་ཞིག་ཡིན་ཀྱང་མེ་ཚེ་འདི་ཁོ་ནའི་ཐོག་གྲོགས་དང་འཕྲིན་ལས་བྱེད་ཐུབ་ཙམ་དེ་དག་ནི་སྙིང་རྗེའི་ཡུལ་ཡིན་པ་ལས་ཧ་ལས་དགོས་དོན་མེད། དེ་ལྟར་བྱས་ན་རི་བོ་དགེ་ལུགས་པའི་ཞབས་འདྲེན་ཡིན། རྗེ་རིན་པོ་ཆེའི་ལེགས་བཤད་རྨད་དུ་བྱུང་བ་འདི་དག་བདག་པོ་རྒྱག་མཁན་ལ་བཀའ་བསྒོས་གཉེར་གཏད་ཡོད་པའི་མགོན་པོ་ཕྱག་དྲུག་པ་དང༌། དམ་ཅན་ཆོས་རྒྱལ་གྱིས་ཕན་མ་ཐོགས་པར་དེ་འདྲ་ཞིག་བསྟེན་དགོས་པ་འདི་ཞབས་འདྲེན་ཡིན་ཞེས་ཐུགས་ཕམ་དང་བཅས་བཀའ་གནང་ཡོད། མཇུག་ཏུ་བླ་མ་དགེ་བཤེས་ཚོ་དང༌། དེ་བཞིན་དཔེ་ཆ་བ། མི་ནག་བཅས་སུ་ཞིག་ཡིན་ཀྱང་དོལ་རྒྱལ་བསྟེན་མཚམས་བཞག་ན་གནོད་མི་ཡོང་ངམ་སྙམ་པའི་དོགས་པ་རྩ་བ་ནས་བྱེད་མི་དགོས། གང་ཡང་བྱེད་ཀྱི་མ་རེད། ཁ་མཆུ་ངོས་ནས་བརྒྱབ་ཆོག རི་བོ་དགེ་ལུགས་པ་ཡིན་པའི་ཆ་ནས་དམིགས་བརྩེ་མ་ཡག་པོ་བགྲང༌། ཆོས་རྒྱལ་གྱི་བསྟོད་པ་བརྐྱང་བསྐུམ་མ་ཡག་པོ་བཏོན་ན་དེ་གས་འགྲིགས་པ་ཡིན། གནོད་པ་གང་ཡང་མེད་ཅེས་བཀའ་བཞེས་གསལ་པོ་གནང་ཡོད།

དེ་ལྟར་བོད་སྤྱི་དོན་དང༌། ༸རྒྱལ་བའི་སྐུ་ཕྱྭ། རི་བོ་དགེ་ལུགས་པའི་ཆེ་བ་བཅས་ལ་དགོངས་ནས་བཀའ་སློབ་གསལ་པོ་ཕེབས་པ་འདི་དག་ལ་ཁ་ཞེ་གཉིས་མེད་ཀྱི་བརྩི་བཀུར་ཞུ་རྒྱུའི་ཐོག་མཇུག་གནོན་བྱ་རྒྱུ་བཙན་བྱོལ་གཞུང་གི་ལས་འགན་ཡིན་པར་བརྟེན། དོལ་རྒྱལ་དང་འབྲེལ་ཡོད་མི་ཚན་པ་སྤྱི་སྒེར་ཁག་ནས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་སྲོལ་གཏོད་མཛད་པའི་ཕྱི་གཙང་ནང་གཙང་གི་དགེ་ལྡན་བསྟན་པ་དང༌། བོད་ཀྱི་སྤྱི་དོན་བཅས་ལ་བསམ་ན་སྔོན་བྱས་རྒྱབ་བསྐྱུར་ཕྱིན་ཆད་སྤང་བླང་ཚུལ་བཞིན་གནང་རྒྱུ་སྤྱི་སྒེར་ཚང་མར་འཕྲལ་ཕུགས་གང་སར་ཁེ་ཕན་ཆེན་པོ་ཡོད་པའི་གནས་ཚུལ་གསལ་པོ་ཤེས་རྟོགས་ཡོང་ཆེད་བོད་མི་མང་སྤྱི་འཐུས་རྒྱུན་ལས་དང༌། སྐུ་སྒེར་ཡིག་ཚང༌། ཕྱི་དྲིལ་ལས་ཁུངས་བཅས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་སློབ་གསུང་པར་འཁོར་ཐག་དང༌། ཕབ་བཤུས་ཡིག་ཆ་ཁག་འཕྲལ་དུ་ལག་ལེན་ཡོང་བའི་འབོད་སྐུལ་ཕྱག་བྲིས་བཅས་གཅིག་རྒྱབ་གཉིས་སྣོན་གྱིས་ཁུངས་སོ་སོར་གནང་བ་དང༌། ཆོས་རིག་དྲུང་ཆེ་བློ་བཟང་མཁས་གྲུབ་དང༌། སྐུ་སྒེར་ཡིག་ཚང་གི་སྐུ་ཚབ་བསྟན་པ་བཟོད་པ་གཉིས་ནས་ལྷོ་ཕྱོགས་གདན་ས་ཁག་ལ་དངོས་སུ་བཀའ་སློབ་བརྒྱུད་བསྒྲགས་གནང་བར་བརྟེན་བླ་མ་དགེ་བཤེས་འདུས་ཚོགས་དམངས་དང་བཅས་པའི་ནང་ནས་དོལ་རྒྱལ་དང་འབྲེལ་བ་ཡོད་མཁན་མང་ཆེ་བས་བོད་ཀྱི་སྤྱི་དོན་དང༌། ༸རྒྱལ་བའི་སྐུ་ཕྱྭ་བཅས་པར་གནོད་འཚེ་ཡོད་བཞིན་དུ་མུ་མཐུད་བསྟེན་གསོལ་བྱས་ཚེ་སྤྱི་སྒེར་གཉིས་གནོད་ཀྱི་ངེས་ཤེས་བརྟན་པོ་རྙེད་དེ་ད་ནས་མཚམས་འཇོག་གནང་རྒྱུའི་ཁས་ལེན་ཞུས་གནང་བ་དང༌། དེ་བཞིན་གྲྭ་ཚང་དང༌། ཚོགས་པ་སྤྱི་སྒེར་ཁག་མང་ནས་ཀྱང་བཀའ་ཤག་ལ་དོལ་རྒྱལ་བསྟེན་གསོལ་མི་བྱེད་རྒྱུའི་ཁས་ལེན་སྙན་ཞུ་ས་སྦྱར་རིམ་འབྱོར་བྱུང་བ་དེ་དག་ནི་བོད་སྤྱིའི་ལས་འགན་རང་འཁྲི་རང་འཁུར་བྱས་པར་ངོས་འཛིན་ཞུ་གི་ཡོད། འོན་ཀྱང་བླ་མ་དགེ་བཤེས་དང༌། སྤྱི་སྒེར་ཚན་པ་རེ་ཟུང་ད་དུང་རེ་དོགས་ཀྱི་འཆིང་བ་མ་ཆོད་པར་རི་བོ་དགེ་ལུགས་པ་སོགས་ཀྱི་ཞེན་ཁོག་ཡིན་ཁུལ་གྱིས་མཁྲེགས་བཟུང་བྱེད་པར་མ་ཟད། ཆེས་ཉུང་ཤས་ནས་གོ་སྐབས་འདི་ལོག་པར་བེད་སྤྱད་དེ་ནང་ཁུལ་འཁྲུག་སློང་གི་བྱ་བར་འཇུག་པ་དང༌། རྒྱལ་སྤྱིའི་ནང་འདི་སྐོར་གཞི་མེད་དཀྲོགས་གཏམ་སྤེལ་བ་བཅས་ནིདགྲ་བོའི་དགོས་འདུན་སྒྲུབ་པ་ཉིད་ཡིན་པས་ནོར་ལྡོག་ཤེས་བྱེད་དགོས་པའི་འབོད་སྐུལ་ནན་པོ་བྱེད་བཞིན་ཡོད།

བོད་ཀྱི་བསྟན་སྲིད་རང་དབང་སླར་གསོ་བྱ་རྒྱུའི་ལས་དོན་རླབས་ཆེན་འདི་དག་ལེགས་པར་འགྲུབ་ཐུབ་མིན་ནི་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚེ་མཛད་འཕྲིན་ཁོ་ནར་ལྟོས་པ་རང་རེའི་འདས་པའི་ལོ་རྒྱུས་ནས་ར་འཕྲོད་ཡོད། དོལ་རྒྱལ་བསྟེན་གསོལ་བྱས་ན་སྐུ་ཚེར་འགལ་རྐྱེན་ཡོང་གི་ཡོད་པ་བཀའ་སློབ་གསལ་རྗེན་འདི་ལྟ་བུ་གནང་བཞིན་དུ་ད་དུང་སྐུ་ཚེ་མཛད་འཕྲིན་གྱི་འགལ་རྐྱེན་དོལ་རྒྱལ་བསྟེན་གསོལ་ཨུ་ཚུགས་ཀྱིས་མཚམས་འཇོག་མི་བྱེད་པ་དང༌། དེའི་དོན་དུ་སྨྲེ་སྔགས་འདོན་པ་ནི་བོད་བསྟན་སྲིད་ཀྱི་དོན་དུ་ལྷག་བསམ་བཅངས་པ་དང༌། རི་བོ་དགེ་ལུགས་པའི་མཚན་ལ་དགུང་འདེགས་སུ་འགྲོ་གི་ཡོད་མེད་བྱ་སྤྱོད་འདི་ནས་ལེགས་པར་ཤེས་ཐུབ་པ་ཡིན།

དེ་ལྟར་དོལ་རྒྱལ་བསྟེན་གསོལ་འདི་བོད་བསྟན་སྲིད་དང་འབྲེལ་བ་ཆེན་པོ་ཆགས་ཡོད་སྟབས་༸གོང་ས་མཆོག་ནས་འདས་པའི་ལོ་ཉི་ཤུ་ལྷག་ཙམ་རིང་ཐུགས་ཧ་ཅང་གཟབ་ནན་ཆེན་པོས་ཞིབ་འཇུག་ཡང་ཡང་གནང་ཞིང༌། མཐའ་མཇུག་༸སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་མཆོག་ལའང་སྙན་བསྐུལ་གྱིས་སྐྱབས་རྗེ་རིན་པོ་ཆེ་མཆོག་ནས་ཀྱང་མཛད་ཐབས་འདི་བསླུ་བ་མེད་པ་ཡིན་པ་ཞལ་བཞེས་གནང་བ་ཞིག་ཡིན། དེར་བརྟེན་བསམ་གཞིགས་ནན་ཏན་བྱེད་དགོས༌།

ཉེ་ཆར་༸གོང་ས་མཆོག་གི་བཀའ་སློབ་གཅིག་ནང་སྐུ་ཕྱྭ་ཟེར་དུས་གྲི་མེ་མདའ་དང༌། འབམ་སྐེད་པར་གཟེར་ནས་མཆོང་ཡོང་མཁན་དེ་འདྲ་གཅིག་པུར་གོ་རྒྱུ་མེད། དེ་འདྲའི་རིགས་ཧ་ཅང་དཀོན་པོ་ཡིན། ངས་བླང་དོར་ལམ་སྟོན་བགྱིས་པའི་ཁ་ལ་མ་ཉན་པར་རྒྱབ་འགལ་ཤ་སྟག་བྱས་ན། ང་ཡིད་ཐང་ཆད་ནས་བསྡད་པས་ཕན་ཐོགས་མི་འདུག་བསམ་པའི་བློ་ཕམ་དུ་བཅུག་ན་སྐུ་ཕྱྭར་འབྲེལ་བ་ཆགས་མི་སྲིད་པ་མིན་ཞེས་བཀའ་ཕེབས་པ་དང༌། ཡང་དེ་རྗེས་ད་ཆ་ལོ་དྲུག་ཅུ་རེ་གྲངས་ལ་སླེབས་ཚར་བའི་མི་ཞིག་ཡིན། ཚེ་རབས་སྔོན་མར་བསོད་ནམས་ཕྲན་བུ་བསགས་ཡོད་པས་རང་ལ་གནོད་འགལ་དེ་ཙམ་མཐོང་གི་མི་འདུག་ཅེས་དང༌། རྒྱ་ཆེའི་བོད་མི་མང་གི་གདོང་ལ་བལྟས་ནས་ང་ཚོ་འདི་འདྲའི་ཐབས་སྐྱོ་བོ་ཡོད་པའི་སྐབས་ལ་སྡུག་པོ་མྱོང་རོགས་དང༌། བསམ་བློའི་ནང་སེམས་གསོ་ལྟ་བུའི་བློ་བག་སྤྲོ་རོགས་ལ་ཕན་ན་བསམ་ནས་ཨུ་ཚུགས་བྱས་ཏེ་སྡོད་ཀྱི་ཡོད་མ་གཏོགས། ངས་སྟངས་འཛིན་བྱས་པ་འདི་ང་རང་སྒེར་ལ་ཁེ་ཕན་ཡོད་པ་དེ་འདྲ་གང་ཡང་མིན་ཞེས་བཀའ་ཕེབས་པ་བཅས་འདི་དག་ལ་བསམ་བློ་ཞིབ་ཏུ་བཏང་ནས་བོད་མི་སྤྱི་དང༌། བྱེ་བྲག་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་རྣམས་ནས་འཕྲལ་དུ་མཚམས་འཇོག་མ་བྱས་ན། སྤྱི་སྒེར་གང་ཐད་ཉེན་འགན་མི་བཟོད་པའི་དུས་ལ་སླེབས་ཡོད་པར་བརྟེན། ཆོས་དད་རང་མོས་ལ་ཁ་གཡར་ས་ཡང་བསྡད་མེད༌།

ང་ཚོས་སྡུག་ས་ནས་བཤད་ན། ནང་ཁུལ་དམ་ཚིག་མ་མཐུན་པའི་དབང་གིས་བོད་བསྟན་པ་ཆབ་སྲིད་དང༌། ༸གོང་ས་མཆོག་གི་སྐུ་ཕྱྭར་གནོད་འགལ་ཡོང་གཞི་ཆགས་ན་ཆོས་དད་རང་དབང་དང༌། མང་གཙོ་ཁ་ཁྱེར་བྱས་པས་ཅི་ལ་ཕན། དེ་རྩིས་ཕུགས་དོན་འགྱོད་གཞི་ཆེན་པོ་མ་ཆགས་སྔོན་ཚང་མས་མནོ་བསམ་ནང་དུ་བཀུག་གནས་༸གོང་ས་མཆོག་གི་བཀའ་སློབ་སྔ་ཕྱིའི་དགོངས་དོན་ལ་སྤང་བླང་ཚུལ་བཞིན་སྤྱོད་རྒྱུ་ཤིན་ཏུ་གལ་ཆེ། ཆོས་དད་རང་མོས་དང་རང་དབང་མང་གཙོ་བཤད་དེ་དོན་ལོག་ཏུ་སྤྱོད་པ་ག་ལ་རུང༌། ལར་ནས་༸གོང་ས་མཆོག་གིས་ཆོས་དད་རང་མོས་ལ་རྡོག་རོལ་བརྩི་མེད་བཏང་གནང་བ་ག་ལ་ཡོད། བོད་སུ་ཡིན་རུང་ཕྱི་ནང་སྤྱི་དང༌། བོད་ཀྱི་ནང་ཆོས་སུ་གཏོགས་པའི་ཆོས་བརྒྱུད་གང་གི་ཁུངས་སུ་འཛུལ་ཞུགས་ཉམས་ལེན་བྱས་ཀྱང༌། དེ་ལ་སུ་གཅིག་གིས་དགག་དགོས་ཤོད་མཁན་མེད། དེའི་དབང་གིས་བོད་མིའི་ཁྲོད་དུ་ཡེ་ཤུ་དང༌། ཁ་ཆེ། གཞན་ཡང་ཆོས་བརྒྱུད་ཆེན་པོ་བཞི་དང༌། གཡུང་དྲུང་བོན་དང་བཅས་པའི་ཁུངས་སུ་རང་རང་འདོད་མོས་ལྟར་དགའ་སྤྲོ་བག་ཕེབས་ཀྱི་ངང་སྤྱོད་བཞིན་པ་ཡིན། འོན་ཀྱང་འདིར་གལ་ཆེ་ནན་དཔེར་བརྗོད་རྒྱུ་ཞིག་ལ་ཡེ་ཤུ་དང༌། ཁ་ཆེ་ལྟ་བུའི་དགོན་པ་ཞིག་ལ་ཆོས་དད་རང་མོས་ཡིན་ཞེས་ནང་པའི་ཆོས་ཀྱི་བཞེད་གཞུང་དང་མཐུན་པའི་ཆོས་སྤྱོད་ཀྱི་རིམ་པ་ལག་བསྟར་དགོས་རྒྱུ་བརྗོད་ག་ལ་འོས་ཤིང༌། དེ་བཞིན་ཆོས་དད་རང་མོས་ཀྱི་རྨང་གཞི་བཟུང་ནས་རྙིང་མའི་དགོན་པའི་ནང་བཀའ་བརྒྱུད་དང༌། ས་སྐྱ། དགེ་ལུགས་ཀྱི་ལྟ་གྲུབ་ཀྱི་རྣམ་གཞག་དང༌། དགོན་སྡེ་དེ་དང་དེར་རན་འཚམས་མེད་པའི་ཆོས་སྤྱོད་ཀྱི་བཞེད་སྲོལ་ཉམས་བསྟར་དགོས་ལུགས་བརྗོད་རྒྱུའང་ཅི་ལ་རུང༌། ཕྱོགས་གཞན་ནས་བཤད་ན། ཁ་ཆེའམ། ཡེ་ཤུའི་དགོན་པའི་ནང་དེའི་ལྟ་གྲུབ་དང༌། དེའི་ཆོས་སྤྱོད་རྒྱུན་སྐྱོང་ཉམས་བཞེས་བྱེད་དགོས་པ་དང༌། དེ་ལ་ཆོས་ལུགས་གཞན་གྱི་ལྟ་སྤྱོད་དང༌། དགོན་སྡེ་དེ་དང་དེར་མ་འཚམས་པའི་ཉམས་ལེན་བྱས་ན་མི་འགྲིགས་པའི་ཁྲིམས་སུ་བཅས་པ་ནི་ཆོས་ཕྱོགས་ཀྱི་ལམ་ལུགས་དང༌། དེ་བཞིན་རང་དབང་དང༌། མང་གཙོ་གནས་ལུགས་བཅས་དང་མཐུན་པ་ཞིག་ཡིན། དེས་ན་ཆོས་དད་རང་མོས་ཡིན། དེ་ལྟར་བཙན་བཀའ་གཏོང་བའི་ཁྲིམས་དོན་དེ་ག་ལ་རུང་ཞེས་བློ་དང་ལྡན་པ་སུས་བརྗོད་ནུས། རང་རེའི་བོད་ཀྱི་ཆོས་ཕྱོགས་སྲོལ་ནས་བྱས་ནའང་ཆོས་བརྒྱུད་གང་ཞིག་ཏུ་གཏོགས་པའི་དགོན་སྡེ་དེར་དབང་ཚད་ཡོད་པའི་བླ་མའམ། དགོན་བདག་དེས་དགོན་སྡེ་དེ་དང་དེར་ལྷ་སྲུང་གང་བསྟེན་འོས་མིན་དང༌། ལྟ་སྤྱོད་གང་དུ་འཇུག་དགོས་མིན་སོགས་ཆོས་ཕྱོགས་ཀྱི་སློབ་སྟོན་གནང་རྒྱུ་ནི་བླ་མ་དེའི་འགན་དབང་ཡིན་པ་ལས། དགོན་གྲྭ་དང་སློབ་མས་ཆོས་དད་རང་མོས་ཡིན་ཞེས་བླ་མར་རྩོད་གླེང་བྱེད་སྲོལ་མེད།

ལར་ནས་འདི་དང་འབྲེལ་བར་རྩ་བའི་དོན་གནད་གལ་ཆེ་གཞན་ཞིག་བརྗོད་རྒྱུ་ལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མེད་པ་དེ་ཡིན། ཆོས་ཕྱོགས་ཀྱི་དབུ་ཁྲིད་ཡིན་པའི་ཆ་ནས་བོད་ཀྱི་དགོན་སྡེ་དང༌། བོད་མི་མང་ལ་འདི་ཕྱི་གཉིས་ཕན་གྱི་ཆོས་ཕྱོགས་ཀྱི་ལམ་སྟོན་གནང་རྒྱུ་དང༌། ཆབ་སྲིད་ཀྱི་དབུ་ཁྲིད་ཡིན་པའི་ཆ་ནས་བོད་ཀྱི་ཆབ་སྲིད་ལ་གནོད་འགལ་དུ་འགྱུར་གཞིའི་བྱ་སྤྱོད་འགོག་སྡོམ་དང༌། ལམ་སྟོན་གནང་རྒྱུ་ནི་༸གོང་ས་མཆོག་གི་ཐུགས་འགན་དང༌། སྐུ་དབང་ཡིན། ཆོས་དད་རང་མོས་དང༌། མང་གཙོ་དང་འགལ་བ་ག་ལ་ཡིན། དེ་ལྟར་འགལ་ལོ་ཞེས་ཀུ་ཅོ་འདོན་པ་ནི་དཔེར་ན་ཆོས་དོན་ལོག་སྒྲུབ་ཀྱི་ངན་སྔགས་བྱས་ན་འདི་ཕྱི་གཉིས་འཕུང་དང༌། བསྟན་སྲིད་ལ་གནོད་ཚབས་འབྱུང་བས་མི་རུང་ཞེས་ལམ་སྟོན་བྱས་པར། ཆོས་དད་རང་མོས་ཡིན་ཞེས་ཀུ་ཅོ་འདོན་ན་ཁྲིམས་སྲོལ་དང༌། ཆོས་དད་རང་མོས་དང་མཐུན་ནམ་མི་མཐུན། རྒྱལ་ཁབ་དང་སྐྱེ་བོ་སུས་བལྟས་ཀྱང་ཤེས་ཐུབ་པ་ཞིག་ཡིན།

ལྷག་པར་༸གོང་ས་མཆོག་གི་དོལ་རྒྱལ་བསྟེན་གསོལ་བྱེད་པ་འདིའི་སྐོར་ལམ་སྟོན་གང་གནང་བའི་དོན་གནད་སྙིང་པོ་འདི་ལ་སོགས་དང༌། ཆོས་དད་རང་དབང་དང༌། མང་གཙོ་ལ་འགོག་རྐྱེན་ཡོད་མེད་དེ་ནས་ཤེས་ཐུབ། ལམ་སྟོན་སྙིང་པོ་ནི། དོལ་རྒྱལ་བསྟེན་གསོལ་བྱེད་པ་འདི་བོད་བསྟན་པ་ཆབ་སྲིད་ལ་གནོད་ཚབས་ཆེ་བ་དང༌། ༸གོང་ས་མཆོག་གིས་སྐུ་ཕྱྭ་ལའང་ངན་དོགས་ཆེ་བས་དགོན་སྡེ་གྲྭ་ཚང་སོགས་དང༌། གང་ཟག་སྤྱི་བྱེ་ནས་སྤྱི་དོན་ལ་མནོ་བསམ་ནན་ཟབ་བཏང་སྟེ་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་བྱེད་རྒྱུ་གལ་ཆེ་ཡིན་ཚུལ་དང༌། བོད་བསྟན་སྲིད་སོགས་ལ་བསམ་ཞིབ་མ་བྱས་པར་མུ་མཐུད་བསྟེན་གསོལ་བྱས་ན་ཕྱིས་འགྱོད་ཆགས་གཞི་ཆེ་བས་དེ་རྩིས་ཚང་མས་སྤང་བླང་འགལ་སྤྱོད་དུ་མ་སོང་བ་དགོས་སྐོར་ཞིབ་ཆའི་བཀའ་སློབ་ཕེབས་པ་འདི་རེད། མདོར་སྙིང་པོ་བསྡུས་ན་གདན་ས་ཆེན་པོ་ཁག་དང༌། རྒྱུད་གྲྭསྨད་སྟོད་གཙོ་གྱུར་གྱིས་སྒྲིག་འཛུགས་སུ་ཡོད་པའི་དགོན་སྡེ་ཁག་ནང་བསྟེན་གསོལ་ནམ་ཡང་བྱས་ན་མི་འཐུས་ཤིང༌། དེ་མིན་བོད་བསྟན་པ་ཆབ་སྲིད་ལ་གནོད་ཀྱང་གནོད། ༸གོང་ས་མཆོག་གི་སྐུ་ཕྱྭ་ལ་གནོད་ཀྱང་གནོད་ཁྱད་པར་མེད། ཆོས་དད་རང་མོས་ཡིན། མང་གཙོ་ཡིན། རང་དབང་ཡིན། དོལ་རྒྱལ་བསྟེན་གསོལ་བྱེད་རྒྱུ་ལ་འགྱུར་བ་མི་གཏོང་ཐག་གཅོད་ཡིན། ཞེས་ཀུ་ཅོ་འདོན་ནའང་རང་མོས་ཡིན། དོན་འདི་ལ་མཚོན་ནའང་ཆོས་དད་དང༌། རང་དབང་ལ་འགལ་འགྱུར་ལྟ་ཅི་ཇི་བྱེད་རང་ལ་གདམ་ང་གནང་བ་ཞིག་རེད། འོན་ཀྱང་དེ་ལྟར་མཁྲེགས་བཟུང་བྱས་ཚེ་ངོས་འཛིན་ཇི་བྱེད་བོད་རྒྱ་ཆེའི་མི་མང་གིས་མང་གཙོའི་ལམ་ནས་ཐག་གཅོད་བྱེད་རྒྱུ་དེ་རེད། དེ་རྩིས་འབྲེལ་ཡོད་ཚང་མས་ཆེ་ས་བོད་བསྟན་སྲིད་དང༌། ༸གོང་ས་མཆོག་གི་སྐུ་ཕྱྭར་བསམ་སྟེ་ད་ལྟའི་བོད་ཀྱི་དུས་སྐབས་གཉན་འཕྲང་ཅན་འདིར་གནས་དུས་ཚོད་རྩིས་སུ་མ་སོང་བར་སྤང་བླང་འཛོལ་མེད་ཡོང་བ་དང༌། འབྲེལ་ཡོད་ཆོས་བརྒྱུད་ཁག་གི་དབུ་འཛིན་རྣམ་པ་དང༌། གཞན་ཡང་མཁན་པོ་བླ་སྤྲུལ་དང་དགེ་བཤེས་རྣམ་པ། དེ་བཞིན་ས་གནས་འགོ་འཛིན་དང༌། སྤྱི་སྒེར་འགན་ཡོད་ཀྱི་མི་སྣ་བཅས་ནས་ད་ལམ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དོལ་རྒྱལ་གྱི་སྐོར་བཀའ་སློབ་ལམ་སྟོན་ཇི་ལྟར་གནང་བ་ཐུགས་ལ་བཞག་ནས་མཇུག་གནོན་རྒྱུན་བསྲིངས་གནང་སྟེ་རང་རང་གི་ཚན་པ་སོ་སོར་མགོ་འོག་ལུས་ཆུག་གི་བཀོད་འདོམས་ཡན་པོར་མ་སོང་བ་གནང་དགོས་པ་དང༌། ལྷག་པར་ད་རེས་ཀྱི་གནས་ཚུལ་འདི་ཕ་རོལ་པོས་བེད་སྤྱོད་ལོག་པར་གཏོང་རྒྱུར་ཡིད་གཟབ་དོགས་ཟོན་གྱིས་མི་མང་ཐོག་དོན་དངོས་རྟོགས་པའི་གསལ་བཤད་སློབ་སྟོན་ལེགས་པར་གནང་དགོས། རྒྱ་ཆེའི་མང་ཚོགས་ནས་ཀྱང་ལྷག་བསམ་ལངས་ཕྱོགས་འགྱུར་མེད་ཀྱི་སྒོ་ནས་བོད་སྤྱི་དོན་སྙིང་བཅངས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་ཀྱི་བཞེད་དགོངས་འགྲུབ་ཐབས་ལ་རང་རང་བློ་རྩལ་ཐབས་ནུས་ཡོད་རྒུ་ལེགས་སྐྱེས་སུ་འབུལ་དགོས་པ་བཅས་ཀྱི་འབོད་སྐུལ་གསལ་བསྒྲགས་སུ། བཀའ་ཤག་ནས། ཕྱི་ལོ་ ༡༩༩༦ ཟླ་ ༥ ཚེས་ ༣༡ ལ།།