སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དཔྱིད་ཆོས་སྐབས་གཞིས་ནས་འབྱོར་བའི་སྤུན་ཟླ་གཙོ་བོར་གྱུར་པའི་བོད་འབངས་ལ་སྩལ་བའི་གལ་ཆེའི་བཀའ་སློབ།

༄༅། །དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཞིས་ནས་འབྱོར་བའི་སྤུན་ཟླ་གཙོ་བོར་གྱུར་བའི་བོད་འབངས་རྣམས་ལ་ཉིན་དེར་དེང་རབས་ཤེས་ཡོན་སྐོར་དང༌། རྒྱལ་བསྟན་འཛིན་སྐྱོང་སྤེལ་ཐབས། འཕྲོད་བསྟེར་སྐོར། ཆབ་སྲིད་གནས་བབ་སོགས་ཀྱི་སྐོར་བཀའ་སློབ་ཕེབས་རྗེས་ལོག་སྨོན་དོལ་རྒྱལ་གྱིས་བསྟན་ལ་མ་རྟོགས་པ་དང་ལོག་པར་རྟོག་པའི་དྲི་མ་ཡང་དག་པར་སེལ་བའི་གལ་ཆེའི་ལམ་སྟོན་ཕེབས་དོན།
དོལ་རྒྱལ་སྐོར་བསྐྱར་ནན་བརྗོད་ན་སྙམ་པ་བྱུང༌། མ་གཞི་དེའི་སྐོར་སྔ་རྗེས་མང་པོ་བརྗོད་ཟིན་པར་བརྟེན་ཁྱེད་རང་ཚོ་མང་ཆེ་བས་ཤེས་ཀྱི་ཡོད། ཤེས་པ་ཙམ་དུ་མ་ཟད་བོད་ནང་མཚོན་ན། ལྷ་ས་གཙོ་བོར་གྱུར་པའི་དབུས་གཙང་ཁུལ་དང༌། མདོ་སྟོད་སྨད་ས་ཁུལ་མང་ཆེ་བའི་ནང་དོལ་རྒྱལ་སྐོར་ངོས་ཀྱི་སྔ་རྗེས་གསལ་བཤད་བྱས་པ་ཁག་གོ་ཤེས་ཐུབ་ནས་དགོན་སྡེ་མང་པོ་ཞིག་གིས་སྤང་བླང་མ་འཛོལ་བའི་ཧུར་བསྐྱེད་ཆེན་པོ་ཞིག་བྱས་བྱུང་ལ། མང་ཚོགས་ཁྲོད་ཀྱང་དེ་བཞིན་བྱས་ཏེ་སྤང་བླང་མ་ནོར་བའི་འགན་ཁུར་ཧུར་བསྐྱེད་བྱས་ཡོད། དེ་དག་ལ་ལེགས་གསོ་བསྔགས་བརྗོད་དང༌། བཀྲིན་ཆེ་ཞེས་བརྗོད་རྒྱུ་ཡིན། གང་ལྟར་འདིས་བསྟན་པ་སྤྱི་དང་བོད་དགའ་ལྡན་ཕོ་བྲང་ངམ་བོད་ཀྱི་ཆབ་སྲིད་ཐད་གནད་འགག་ཧ་ཅང་ཆེན་པོ་ཡོད་པ་བཅས་བོད་སྤྱི་ལ་ཕན་པའི་བྱ་བ་ཞིག་ཡིན་སྟབས་འབྲེལ་ཡོད་མང་ཆེ་བས་ངོས་འཛིན་འཕྱུག་པ་མེད་པའི་སྤང་བླང་ཚུལ་བཞིན་བྱེད་ཐུབ་པར་ཚང་མར་ཐུགས་རྗེ་ཆེ་ཞེས་བརྗོད་འདོད་བྱུང༌།

བསྟན་དོན་གྱི་ལས་དོན་འདི་རྒྱ་མིའི་ལས་འགུལ་ལྟར་སྐབས་བབ་གློ་བུར་གྱི་ལས་འགུལ་ཞིག་སྤེལ་བ་དང༌། གང་མཚམས་ནས་འཇམ་སྟེ་ཡལ་འགྲོ་བ་ལྟ་བུ་མ་ཡིན་པར་ང་ཚོས་ལས་ཀ་འགོ་འཛུགས་བྱས་པ་འདི་མཇུག་འཁྱོངས་ཐུབ་པ་བྱེད་དགོས། ངོས་ནས་ཐོག་མར་མཐོང་ཆོས་སུ་གྱུར་པའི་གནས་ཚུལ་ལ་ཀླད་པ་བེད་སྤྱོད་བཏང་ནས་བསམ་བློ་བཏང༌། མཐོང་ཆོས་སུ་མ་གྱུར་པའི་ལྐོག་འགྱུར་གྱི་གནས་ཚུལ་ཁག་བསླུ་མེད་སྐྱབས་གནས་དཀོན་མཆོག་གསུམ་ནི་བླ་ན་མེད་པའི་མཁྱེན་པའི་མངའ་བདག་ཡིན་པར་བརྟེན་ཐུགས་རྗེ་དང་འཕྲིན་ལས་བསྐུལ་ནས་བརྟག་དཔྱད་བྱས་ཡོད། དོལ་རྒྱལ་ཤུགས་ལྡན་གྱི་གནད་དོན་འདི་ཡང་ལྐོག་གྱུར་གྱི་གནད་དོན་ཞིག་རེད། དེར་བརྟེན་དེ་ལ་ཡང་ཕྱི་ནང་བརྟག་དཔྱད་མཐིལ་ཕྱིན་པ་བྱས་ཏེ་ཐ་མ་བླང་དོར་གྱི་ཐག་གཅོད་བྱས་པ་མ་གཏོགས་ངོས་ནས་རང་འཚམས་ཀྱིས་ཐག་གཅོད་བྱེད་ཐུབ་ཡས་ལ་མེད་པ་བྱས་པ་གང་ཡང་མེད། དེ་དག་ལ་ཁྱེད་རང་ཚོ་སེར་སྐྱ་མང་ཚོགས་ནས་སེམས་ཁུར་གྱིས་སྤང་བླང་ཚུལ་བཞིན་བྱས་པར་རྗེས་སུ་ཡི་རངས་ཡོད།

རིགས་ཁ་ཤས་ནས་གོ་ཡང་མ་གོ་བའི་ཚུལ་དང༌། ལྷག་པར་ཆེད་དུ་གཉེར་ནས་དར་ཁྱབ་གཏོང་མཁན་ཡོད་པའྀ་སྣང་ཚུལ་འགའ་ཞིག་ད་དུང་གནས་ཡོད། དེ་དག་ལ་འབྲེལ་ཡོད་ཚང་མས་ཟབ་ནན་ངང་བསམ་བློ་གཏོང་དགོས་པ་རེད། བོད་ནང་མིང་དངོས་སུ་སྨོས་ན་ཆབ་མདོ་ཁུལ་ཆབ་མདོ་དགོན་གཙོ་བོར་གྱུར་པའི་དགོན་གནས་འགའ་ཞིག་ཏུ་ད་དུང་དོལ་རྒྱལ་ཤུགས་ལྡན་བསྟེན་གསོལ་དར་སྤེལ་གཏོང་རྒྱུར་ཤུགས་རྒྱག་མཁན་མེད་དམ་སྙམ་པ་འདུག བྲག་གཡབ་ཁུལ་བྲག་གཡབ་བུ་དགོན་སོགས་དགོན་གནས་ཁ་ཤས་དང༌། སྨར་ཁམས་ཁུལ་བཅས་ལ་ཆེད་དུ་གཉེར་ནས་དར་སྤེལ་གཏོང་མཁན་མེད་དམ་སྙམ་པ་འདུག ལྡན་པ་དགོན་གསར་སྔ་ལོ་འདས་གྲོངས་ཟིན་པ་རེད། ཁོ་རང་གནས་སའི་ས་ཁུལ་ལའང་དོལ་རྒྱལ་བསྟེན་གསོལ་མུ་མཐུད་དར་སྤེལ་གཏོང་མཁན་ཡོད། སྨར་ཁམས་དང་བྲག་གཡབ་སོགས་ཀྱི་གྲྭ་བཙུན་ལྷ་སར་འབྱོར་བའི་ཁྲོད་སྙེ་ཐང་རྭ་བ་སྟོད་པའི་ནང་ཁྱབ་སྤེལ་གཏོང་མཁན་འདུག ལྷ་ས་ར་མོ་ཆེའི་གྲྭ་ཚང་དུ་སྨར་ཁམས་ཀྱི་གྲྭ་རྒྱུན་དེ་འདྲས་དོལ་རྒྱལ་བསྟེན་གསོལ་ད་དུང་ཁྱབ་སྤེལ་གཏོང་མཁན་ཡོད། གང་ལྟར་༸རྒྱལ་དབང་སྐུ་འཕྲེང་རིམ་བྱོན་གྱི་བཀའ་དྲིན་ལ་དྲིན་ལན་ལོག་འཇལ་བྱས་ཏེ་བོད་བསྟན་སྲིད་དོན་དང༌། ༧རྒྱལ་བའི་བཀྲིན་ཤེས་བཞིན་ཁྱད་གསོད་བྱེད་མཁན་ཞིག་ཡིན་ན་ངོས་ལ་བསམ་འཆར་གང་ཡང་མེད། འོན་ཀྱང་ངོས་ནས་ནན་བཤད་དགོས་དོན་ནི་གནས་ཚུལ་མ་ཤེས་མཁན་དང༌། མ་གོ་མཁན། མི་ཤེས་རྨོང་པའི་དབང་གིས་ཧང་རྒྱག་གི་ནོར་འཁྲུལ་ཤོར་མཁན༌། དེ་བཞིན་གཡམ་རྒྱུགས་སུ་སོང་བའི་གང་ཟག་ཡོད་ན་དེ་དག་ལ་ང་ཚོས་སྙིང་བརྩེ་བའི་ཡུལ་དུ་བཟུང་དགོས་པ་རེད། ཤེས་མཁན་ཚོས་གསལ་བཤད་བྱས་ཏེ་བླང་དོར་ལ་འཇུག་ཐུབ་པ་བྱེད་རྒྱུ་ཚང་མར་འོས་འགན་ཡོད་ལ། ངོས་ནས་ཀྱང་གལ་ཆེན་པོར་ངོས་འཛིན་བྱེད་ཀྱི་ཡོད།

ངོས་ནས་དོལ་རྒྱལ་ཤུགས་ལྡན་བསྟེན་གསོལ་ཐད་དམ་དྲག་བྱས་པ་ནི་བསམ་བཏང་དྲན་བསྐྱེད་བྱས་ཏེ་ཐག་གཅོད་བྱས་པ་གཏན་ནས་མིན། ངོས་རང་ལ་མཚོན་ན་དེ་སྔ་༸སྐྱབས་རྗེ་ཕ་བོང་ཁའི་ཆོས་བརྒྱུད་འཛིན་མཁན་རེད། ལྷག་པར་༸སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་གི་དངོས་སློབ་ཡིན། ཐོག་མ་ངོས་ནས་ཀྱང་རྐྱེན་མང་པོ་ཞིག་གི་འོག་ནས་དོལ་རྒྱལ་བསྟེན་པ་རེད། རིམ་པས་ཕྱི་ནང་གསང་གསུམ་གྱི་གནས་ཚུལ་དང༌། རྐྱེན་མང་པོ་ཞིག་ལ་དྭོགས་གཞི་ཆེན་པོ་བྱུང་སྟེ་ཐ་མ་༸རྒྱལ་དབང་སྐུ་འཕྲེང་གོང་མ་ཚོའི་མཛད་པ་རྣམ་པར་ཐར་པ་མཇལ་སྐབས་གཞི་ནས་དོལ་རྒྱལ་བསྟེན་གསོལ་བྱས་པ་ནོར་འཁྲུལ་ཡིན་པར་ངེས་ཤེས་རྙེད་དེ་མཚམས་འཇོག་བྱས་པ་ཡིན།

དོལ་རྒྱལ་དང་འབྲེལ་བའི་གླེང་གཞིའི་དཀའ་རྙོག་འདི་ནི་༸གོང་ས་ལྔ་པ་ཆེན་པོའི་སྐབས་བྱུང་བ་དང༌། ༸གོང་ས་ལྔ་པ་ཆེན་པོས་དཀའ་རྙོག་དེ་དག་ལ་ངོས་འཛིན་དང་ཐག་གཅོད་ཇི་ལྟར་གནང་བ་ཁག་ལ་དཔྱད་ཞིབ་བྱས། དེ་བཞིན་སྐབས་དེ་དང་དེའི་དུས་ཀྱི་བོད་གངས་ཅན་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་སྤྱི་དང༌། བྱེ་བྲག་རི་བོ་དགེ་ལྡན་པའི་བསྟན་འཛིན་གྱི་སྐྱེས་བུ་ཚད་ཐུབ་ཁག་གི་མཛད་པ་རྣམ་པ་ཐར་པར་དཔྱད་པ་བྱེད་སྐབས་ཕུར་ལྕོག་ངག་དབང་བྱམས་པས་མཛད་པའི་གདན་ས་གསུམ་གྱི་ལོ་རྒྱུས་དགའ་ལྡན་སྐོར་གསུང་པའི་ནང་དོལ་རྒྱལ་དམ་དྲག་གནང་བའི་གནས་ཚུལ་འཁོད་ཡོད། ༸རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་ཡོངས་འཛིན་ཁྲི་ཆེན་ངག་དབང་མཆོག་ལྡན་ནས་དགའ་ལྡན་ཁྲི་པ་གནང་སྐབས་དགའ་ལྡན་གླིང་དུ་འཇིག་རྟེན་པའི་ལྷ་སྲུང་དམ་དྲག་མཛད་པའི་རྣམ་ཐར་ཡོད་པ་དང༌། རྣམ་ཐར་དེ་དག་གསལ་བ་སྟོན་པ་ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར་ཐུའུ་བཀྭན་ཆོས་ཀྱི་ཉི་མས་མཛད་པའི་ནང་ཁྲི་ཆེན་ངག་དབང་མཆོག་ལྡན་ནས་དགའ་ལྡན་གླིང་དུ་འཇིག་རྟེན་པའི་དྲེགས་པ་དམ་དྲག་གནང་བའི་སྐབས་དོལ་རྒྱལ་གྱི་མིང་གསལ་བར་སྨོས་ནས་དགའ་ལྡན་གླིང་ནང་བསྟེན་གསོལ་མི་ཆོག་པའི་དམ་དྲག་དང༌། ཕྱིར་བསྐྲད་པའི་ལོ་རྒྱུས་ཧ་ཅང་གསལ་པོ་བཀོད་ཡོད། ང་ཚོས་དོལ་རྒྱལ་བསྟེན་གསོལ་དམ་དྲག་བྱས་པ་དང་དོལ་རྒྱལ་གྱི་མིང་འདི་སྔར་མེད་གསར་གཏོད་བྱས་པ་ཞིག་མིན་པར་སྐབས་དེ་དུས་ནས་བྱུང་ཡོད་པ་ཡོངས་བསྒྲགས་རེད། དོལ་རྒྱལ་ཟེར་བའི་ཡིག་འབྲུ་གཉིས་པོ་འདི་བར་སྐབས་ང་ཚོས་གསར་འཇུག་བྱས་པ་གཏན་ནས་མིན། དེ་སྔ་བོད་ནང་ཤིང་པར་བརྐོས་པའི་ཡིག་ཆ་རྙིང་པ་ཁག་གི་ནང་གསལ་པོ་ཡོད། བོད་དུ་ཤིང་པར་དེ་རིགས་བརྐོས་པའི་སྐབས་ལྷ་སར་དོལ་རྒྱལ་བསྟེན་གསོལ་ལ་དར་སོ་ཡོད་པའི་སྐབས་ཡིན་པ་དང༌། ཤིང་པར་ཡིག་ཆའི་ནང་དོལ་རྒྱལ་ཟེར་བ་བརྐོས་ཡོད། ༸རྒྱལ་མཆོག་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་ཡང་སྲིད་པཎ་ཆེན་བསྟན་པའི་ཉི་མ་སྐུ་ཆུང་ངུའི་སྐབས་ལྷ་སར་ཕེབས་པའི་སྐབས་ཤིག་ཏུ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ནས་པཎ་ཆེན་ཆུང་སྲིད་དེར་བཀའ་སློབ་གནང་བའི་ནང་བཀྲིས་ལྷུན་པོ་དགོན་ལྷ་གསར་པ་དེས་ཕུང་ཡོང་ཞེས་བཀའ་གནང་ཡོད། པཎ་ཆེན་བསྟན་པའི་དབང་ཕྱུག་གི་རྣམ་ཐར་ནང་བཀྲས་ལྷུན་དགོན་པའི་ནང་ཚད་ལྡན་གྱི་སྲུང་མ་མ་གཏོགས་དོལ་རྒྱལ་ཤུགས་ལྡན་བསྟེན་གསོལ་མི་ཆོག་པའི་དམ་དྲག་གི་བཀའ་ཁྱབ་གནང་བའི་ལོ་རྒྱུས་ཧ་ཅང་གསལ་པོ་ཡོད། གང་ལྟར་༸རྒྱལ་དབང་གོང་མ་རྣམས་ཀྱི་མཛད་པ་རྣམ་ཐར་དང༌། རི་བོ་དགེ་ལྡན་པའི་བསྟན་པའི་ཐུགས་འགན་བཞེས་མཁན་ཚད་ཐུབ་ཀྱི་བསྟན་འཛིན་གྱི་སྐྱེས་བུ་ཁག་གི་མཛད་པ་རྣམ་པར་ཐར་པའི་ལོ་རྒྱུས་ཁག་གུང་བསྒྲིག་སྟེ་བལྟས་ན་མཁས་གྲུབ་གཉིས་ལྡན་གྱི་བླ་མ་གོང་མ་ཚད་ལྡན་གྱི་སྐྱེས་བུ་དམ་པ་ཚོས་དོལ་རྒྱལ་དམ་དྲག་མཛད་པ་ཧ་ཅང་གསལ་པོ་ཡོད་པ་དང༌། དེ་དག་ངོས་ནས་མཇུག་སྐྱོང་ཞུས་པ་ཡིན། དུས་ཕྱིས་ཀྱི་གནས་ཚུལ་ནས་བཤད་ན། ༸སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་དང་དུས་མཉམ་དུ་བྱོན་པའི་འབྲས་སྤུངས་ཁང་གསར་རྡོ་རྗེ་འཆང་གིས་བྱབྱདེང་དོལ་རྒྱལ་ཤུགས་ལྡན་བསྟེན་གསོལ་ཐད་དར་སོ་ཆེན་པོ་ཞིག་ཡོང་གི་འདུག འདི་ནི་བཟང་རྟགས་ཤིག་གཏན་ནས་མིན་བྱབྱཞེས་གསུང་སྟེ་ཐུགས་གཡེང་ཆེན་པོ་གནང་བའི་ལོ་རྒྱུས་ཡོད།

སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེར་མཚོན་ན་སྐུ་ཚེའི་སྟོད་ལ་རིས་མེད་ཀྱི་ཉམས་བཞེས་གནང་མཁན་ཡིན། རིམ་པས་དོལ་རྒྱལ་དང་འབྲེལ་བ་བྱུང་ནས་གནས་ཚུལ་གཞན་སྨོས་ཅི། རྟ་མགྲིན་ཡང་གསང་ཡང་བླ་མ་མཆོད་པའི་ཚོགས་ཞིང་ནང་བཀོད་ན་མི་འགྲིགས་པའི་བཀའ་གནང་བ་ཁོང་རང་གི་རྣམ་ཐར་ནང་གསལ་ཡོད། ཁོང་གི་རྣམ་ཐར་བོད་ནང་པར་བརྐོས་པ་ལས་རྒྱ་གར་ནང་པར་བརྐོས་པ་མིན། གནས་ཚུལ་དེ་དང་དེ་འདྲ་བ་མང་པོ་ཞིག་ལ་བརྟེན་ནས་༸གོང་ས་བཀྲིན་ཟླ་མེད་སྐུ་གོང་མ་དགོངས་པ་གཞན་དོན་དུ་གཤེགས་པའི་སྐབས་༸སྐྱབས་རྗེ་ཕ་བོང་ཁའི་སློབ་མ་གཞིས་སྡེ་རྟ་ཟུར་ཟེར་བའི་རྨི་ལམ་དུ་དོལ་རྒྱལ་ནས་དགུ་རྫོགས་གནམ་གང་ལ་ཡིན་དཱ་ཅེས་སྐད་གསང་མཐོན་པོས་ལུང་བསྟན་བྱུང་བ་རང་གི་བླ་མ་༸སྐྱབས་རྗེ་ཕ་བོང་ཁར་སྙན་གསེང་ཞུས་པའི་ལོ་རྒྱུས་ཡོད། ཚང་མས་ཤེས་གསལ་ལྟར་སྐད་གསང་མཐོན་པོ་ཞེས་པའི་ཚིག་འདི་སྤྱིར་བཏང་གི་སྐད་ཆ་ཞིག་མིན་པར་གཏམ་བཟང་པོ་ཞིག་སྤྲོ་བ་དང་བཅས་ཏེ་སྐད་གསང་མཐོན་པོས་བསྒྲགས་རྒྱུའི་གོ་རྒྱུ་ཞིག་ཡོད། འོན་ཀྱང་མྱ་ངན་གྱི་སྐད་ཆ་ཞིག་ཡིན་ན་ཡིད་ཞུམ་པའི་སྒོ་ནས་བརྗོད་དགོས་པ་ལས་སྐད་གསང་མཐོན་པོའི་ཐོག་ནས་བརྗོད་རྒྱུའི་གཏམ་ཞིག་མིན། འོན་ཀྱང་གཞིས་སྡེ་རྟ་ཟུར་རམ། རྨེ་རུ་ཏཱ་བླ་མ་ཟེར་བའི་༸སྐྱབས་རྗེ་ཕ་བོང་ཁའི་སློབ་མ་དེར་དོལ་རྒྱལ་རྨི་ལམ་དུ་བྱུང་ནས་དགུ་རྫོགས་གནམ་གང་ལ་ཡིན་དཱ་ཞེས་སྐད་གསང་མཐོན་པོས་ལུང་བརྒྱབ་པ་དང༌། རྨི་ལམ་༸སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེར་སྙན་གསེང་ཞུ་སྐབས་བརྟག་དཔྱད་བྱེད་རྒྱུ་ཡོད་ཅེས་བཀའ་ལན་གནང་ཡོད། རྗེས་སུ་བོད་ཟླ་བཅུ་པའི་གནམ་གང་ལ་༸རྒྱལ་མཆོག་སྐུ་གོང་མ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་པའི་སྐབས་སྔོན་དུ་དོལ་རྒྱལ་ནས་དགུ་རྫོགས་གནམ་གང་ལ་ཡིན་དཱ་ཞེས་བཤད་པ་དེ་སྐུ་གོང་མ་དགོངས་པ་རྫོགས་པའི་ལུང་བསྟན་ཡིན་པ་འདྲ་ཞེས་༸སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེས་གསུང་པ་ཁོང་རང་གི་རྣམ་ཐར་ནང་གསལ་ཡོད། ལུང་བརྒྱབ་པ་ནི་འགྲིགས་པ་རེད། འོན་ཀྱང་སྐད་གསང་མཐོན་པོས་བསྒྲགས་ཟེར་བའི་ཚིག་འདི་ཁྱད་མཚར་ཞིག་རེད། ཚང་མས་བསམ་བློ་ཞིག་མཐོང་དང༌། ༸རྒྱལ་མཆོག་སྐུ་གོང་མ་བོད་ཁ་བ་གངས་ཅན་ལྗོངས་ཀྱི་བསྟན་འགྲོ་སྤྱི་དང༌། ལྷག་པར་དགའ་ལྡན་ཕོ་བྲང་པར་བཀྲིན་ཅན་དུ་གྱུར་པའི་བླ་མ་བཀའ་དྲིན་གྱི་བདག་ཉིད་ཅན་འདི་སྐུ་གཤེགས་པའི་སྐབས་དགའ་བསུ་ཞུ་མཁན་ཡག་རྟགས་རེད་དམ། ཡང་ན་སྡུག་རྟགས་ཡིན་བསམ་བློ་གཏོང་དགོས་པ་རེད། སྐུ་གོང་མ་སྐུ་འཚོ་བཞུགས་སྐབས་༸སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེར་བཀའ་ནན་ཕེབས་པ་མང་པོ་ཡོད་པའི་ནང་དོན་ཚན་གཅིག་དོལ་རྒྱལ་བསྟེན་གསོལ་གྱི་གནད་དོན་ཡིན། དོལ་རྒྱལ་སྐོར་བཀའ་ནན་ཕེབས་ཏེ་ཕ་བོང་ཁ་རིན་པོ་ཆེར་སྐུ་ངལ་འཕྲད་ཡོད་པར་བརྟེན། སྐུ་གོང་མ་གཤེགས་མ་ཐག་བཀའ་ནན་ཕེབས་མཁན་མེད་པ་དང༌། ཐུན་མོང་གདུལ་བྱའི་སྣང་ངོར་༸རྒྱལ་བའི་མཛད་འཕྲིན་ལ་ཀྱག་ཀྱག་གནང་བའི་གནས་ཚུལ་ཡོང་མི་སྲིད་པ་མིན། དངོས་ཡོད་ལོ་རྒྱུས་ཀྱི་བྱུང་བ་དེ་དག་ཆ་ཚང་རྟོགས་ནས་བློ་གཟུ་བོར་གནས་པའི་ཐོག་ནས་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཀྱིས་དཔྱད་པ་བྱས་ཏེ་ཐག་གཅོད་བྱེད་རྒྱུ་གལ་ཆེན་པོ་རེད། ངོས་ནས་དོལ་རྒྱལ་དམ་དྲག་བྱེད་པའི་རྒྱུ་མཚན་གོང་གསལ་གྱི་གནས་ཚུལ་དེ་དང་དེས་མཚོན་རྒྱུ་མཚན་མང་པོ་ཞིག་ཡོད་ལ། ངོས་སྒེར་ལ་རྨི་ལམ་གྱི་མཚན་མ་མང་པོ་བྱུང་ཡང་ཆ་ཚང་བ་བཤད་ནས་དགོས་པ་ཆེ་བ་མེད། གང་ལྟར་ཕྱི་ནང་གི་གནས་ཚུལ་དང༌། མཚན་མ་འདྲ་མིན་མང་པོ་ཞིག་ཡོང་གི་འདུག དེ་དག་ཁྱེད་རང་ཚོའི་བློ་ལ་ངེས་པ་བྱེད་དགོས། ཡིག་ཆ་དགོས་ཀྱང་མང་པོ་ཡོད། ཡིག་ཚང་སོགས་འབྲེལ་ཡོད་ལ་སྐད་ཆ་དྲིས་ན་འགྲིགས།

ཁ་སྔོན་དཔལ་ལྡན་འབྲས་སྤུངས་སུ་དུས་འཁོར་དབང་ཆེན་གྱི་ཆོས་འབྲེལ་སྐབས་ནན་བཤད་བྱེད་རྒྱུ་བྱུང༌། རང་རེ་བཙན་བྱོལ་དུ་ཡོད་པའི་བླ་མ་དགེ་བཤེས་གཙོ་བོར་གྱུར་པའི་ཆོས་གྲོགས་ཚོར་ངོས་ནས་གལ་ཆེར་རྩིས་ནས་བླང་དོར་གྱི་ལམ་སྟོན་བྱས་པར་རྒྱག་གཅིག་མཆོང་གཅིག་གིས་བསམ་བློ་གཏོང་དགོས་པ་ལས། འདིའི་འགན་༸རྒྱལ་བ་རིན་པོ་ཆེར་འཁྲི་ཡོད། སོ་སོར་འབུལ་བ་གང་མང་འབུལ་མཁན་བྱུང་ན་དེ་གས་འགྲིགས། སོ་སོ་སྒེར་ལ་ཁྱད་པར་མི་འདུག་བསམ་པའི་རྣམ་འགྱུར་བཟུང་ནས་བསྡད་པས་འགྲིགས་ཐབས་མེད། ཤེས་སོང་ངམ། བཙན་བྱོལ་བའི་སེར་སྐྱའི་ནང་བོད་དུ་འབྲེལ་བ་ཡོད་མཁན་ཚོས་བྲག་གཡབ་དང༌། སྨར་ཁམས། ཆབ་མདོ། ལྡན་མ་སོགས་དཀའ་ངལ་ཡོད་སའི་ས་ཁུལ་དང་འབྲེལ་ཡོད་ཁག་ལ་ཁ་ཏ་བསླབ་བྱ་བྱས་ཏེ་གོ་སྐོན་སློབ་གསོ་བྱེད་རྒྱུ་ནི་ཁྱེད་རང་ཚོའི་ལས་འགན་ཡིན། ངོས་ཀྱི་མདུན་དང་ལམ་སྟོན་བྱེད་སྐབས་ཡིན་མདོག་མདོག་དང༌། དོན་ངོ་མར་ཐུག་སྐབས་ངོ་ལྐོག་རྒྱབ་མདུན་དང༌། སྤྱི་རྟ་སྒལ་རལ་དུ་བཏང་ན་ཧ་ཅང་ཐབས་སྡུག་རེད། ཤེས་སོང་ངམ། ངོས་སྒེར་ལ་ཁྱད་པར་གང་ཡང་མེད། གཙོ་བོ་བོད་སྤྱིའི་བསྟན་སྲིད་ལ་ཐུག་ཡོད། ངོས་ཀྱི་མི་ཚེ་སུམ་ཆ་གཉིས་རྫོགས་ཟིན་པ་དང༌། མི་ཚེ་ལྷག་མ་གང་ཡོད་པ་དེ་དག་ཀྱང་སྐྱིད་པོའི་ངང་མཐའ་འཁྱོལ་ཐུབ་ངེས་ཡིན། གང་ལྟར་ཚང་མས་བོད་སྤྱིའི་བསྟན་སྲིད་ལ་བསམ་བློ་གཏོང་དགོས་པ་རེད། བོད་རྒྱ་ཆེའི་མི་མང་ནས་ངོས་ལ་རེ་བ་ཆེན་པོ་ཞིག་བྱེད་པ་དང༌། ངོས་ལའང་ལས་སྨོན་དམ་ཚིག་དང་འབྲེལ་བའི་ལས་འགན་ཞིག་ཡོད། དེ་དང་རྗེས་སུ་མཐུན་པའི་སྒོ་ནས་གནད་ལུགས་ལེགས་ཉེས་ཀྱི་བླང་དོར་ལམ་སྟོན་བྱེད་རྒྱུ་ངོས་ཀྱི་འོས་འགན་ཡིན། ཉན་དང་མི་ཉན་ཁྱེད་རང་ཚོའི་ལག་པར་ཡོད། ཟོང་རིན་པོ་ཆེ་སྐུ་གོང་མས་དོལ་རྒྱལ་བསྟེན་གསོལ་ཤུགས་ཆེ་གནང་ནས་ཁྱབ་སྤེལ་གནང་གི་ཡོད། དེ་སྔ་ཟོང་སྐུ་གོང་མ་འཚོ་བཞུགས་སྐབས་ཤིག་ངོས་ནས་གནས་འཕྲིན་ཀྱང་འབུལ་དགོས་བྱུང༌། ད་ལྟ་འདིར་ཡོད་པའི་ཟོང་རིན་པོ་ཆེའི་ཡང་སྲིད་ནས་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་བེད་སྤྱོད་བྱས་ཏེ་འཕྲལ་ཕུགས་ཀྱི་ཁེ་གྱོང་དང༌། བསྟན་སྲིད་སྤྱིའི་དོན་གྱི་གདམས་ག་མ་ནོར་བ་དགོངས་པར་འཁོར་ནས་ལག་ལེན་མ་ནོར་བར་གནང་བཞིན་ཡོད། དེ་རིང་མང་ཚོགས་འདུ་འཛོམས་འདྀའི་ཐོག་རིན་པོ་ཆེས་ལམ་ཡང་དག་པར་ཕེབས་པར་འགྲིགས་འདུག འཐུས་འདུག་ཅེས་ལེགས་གསོ་དབྱུགས་དབྱུང་དང༌། རྗེས་སུ་ཡི་རངས་ཞུ་ཆོག་པ་ཡིན།

རང་རེ་གངས་ཅན་པ་ད་ལྟའི་དུས་སུ་གཞིས་དང་བྱེས་གཉིས་སུ་གནས་ཡོད། བོད་ནས་འབྱོར་བ་ཚོ་རིམ་པས་བོད་དུ་རང་གི་ལུང་པར་དགའ་ཞིང༌། སྤྲོ་ཞིང་ངང་འགྲོ་དགོས་པ་ཡིན་ཡང་རང་གི་ལུང་པར་རང་དབང་བྲལ་ཏེ་ལོག་དགོས་པ་རེད། ད་ལྟའི་གནས་སྐབས་སུ་ཚང་མ་ཡིད་སྐྱོ་བའི་གནས་སྟངས་རེད། འོན་ཀྱང་རང་རེ་རིང་པོར་མ་ཐོགས་པར་གཞིས་བྱེས་མཉམ་འཛོམས་ཏན་ཏན་ཡོང་གི་རེད། ངོས་ནས་སྨོན་ལམ་རྒྱག་གི་ཡོད་ལ། ཁྱེད་རང་ཚོ་ཚང་མ་སེམས་སྐྱིད་པོའི་ངང་རང་རང་གནས་ཡུལ་དུ་ཕྱིར་ལོག་བྱེད་རོགས། ཚང་མར་བཀྲ་ཤིས་བདེ་ལེགས་ཡོད་ཅེས་བཀའ་སྩལ།། །།