༢༠༡༤ ཟླ་ ༩ ཚེས་ ༡༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡༩ ཉིན་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བཀའ་གདམས་གསར་མ་ཟེར་བའི་ཆོས་ཚོགས་ནང་དེ་སྔ་ཚོགས་མི་གནང་མྱོང་མཁན་ཁག་གཅིག་གིས་དེང་སྐབས་དོལ་རྒྱལ་རྗེས་འབྲང་པ་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་ཀྱི་སྐྱོན་འདོགས་དང་མཚན་སྨད་ཤུགས་ཆེ་ཞུ་བཞིན་པ་དེར་ངོ་རྒོལ་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་འཁོད་དོན།

ང་ཚོ་གཤམ་འཁོད་མིང་ཅན་པ་ཚོས་དེ་སྔ་བཀའ་གདམས་གསར་མའི་ཚོགས་མི་བྱས་ཏེ་དོལ་རྒྱལ་བསྟེན་གསོལ་བྱེད་མྱོང་ཡོད། འོན་ཀྱང་ང་ཚོ་དང་ཚོགས་མི་གཅིག་པ་ཡིན་མཁན་དོལ་རྒྱལ་སྟེན་མཁན་ཁག་གཅིག་གིས་དེང་སྐབས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ངོ་རྒོལ་ཀྱིས་མཚན་སྨད་ཞུ་བ་མཐོང་སྐབས་སེམས་འཚབ་དང་བློ་ཕམ་ཧ་ཅང་སྐྱེས་བྱུང་། འཁྱོག་བཤད་དང་རྫུན་གཏམ་རྣམས་ངོ་མ་ཡིན་ཁུལ་གྱི་དྲིལ་བསྒྲགས་བྱེད་བཞིན་ཡོད། བཀའ་གདམས་གསར་མ་ཟེར་བའི་ཆོས་ཚོགས་དེས་ད་ཆ་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་ཟེར་བ་དང་། ནུབ་ཕྱོགས་ཤུགས་ལྡན་ཚོགས་པ་ཟེར་བའི་མིང་བྱང་འོག་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་མཚན་སྨད་དང་སྐྱོན་འཛུགས་སོགས་གཞི་རྩ་མེད་པའི་ལས་འགུལ་སྤེལ་བཞིན་ཡོད།

བཀའ་གདམས་གསར་མ་ཟེར་བ་དང་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་ཟེར་བས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ངོ་རྒོལ་རྔམ་སྟོན་བྱས་པ་མ་ཟད། ངོ་དེབ་སོགས་དྲ་རྒྱའི་བརྒྱུད་ལམ་འདྲ་མིན་ཐོག་༸གོང་ས་མཆོག་ལ་མཚན་སྨད་ཞུ་བཞིན་ཡོད། ང་ཚོས་ཁོ་པ་ཚོར་དངོས་ཡོད་གནས་ཚུལ་གསལ་བཤད་བྱས་ཀྱང་ཉན་འཇོག་རྩ་བ་ནས་བྱས་མེད། དེར་བརྟེན་ད་ཆ་ང་ཚོས་མགྲིན་དབྱངས་གཅིག་གྱུར་ཐོག་ནས་བདེན་པ་བདེན་གཏུག་བྱ་རྒྱུའི་དུས་ལ་བབ་པ་བསམ་བཞིན་ཡོད།
འདིར་བཀའ་གདམས་གསར་མ་ཟེར་བའི་འགོ་ཁྲིད་སྐལ་བཟང་རྒྱ་མཚོ་དང་ཁོ་པའི་རྗེས་འབྲང་པ་ཚོས་རྫུན་སྒྲོག་ཁག་གཅིག་ང་ཚོས་གསལ་སྟོན་བྱ་རྒྱུ་ཡིན།

༡༽བཀའ་གདམས་གསར་མ་ཟེར་བ་དང་། རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་ཟེར་བ། དེ་བཞིན་ནུབ་ཕྱོགས་ཤུགས་ལྡན་ཚོགས་པ་ཟེར་བས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་ཞལ་རྫུན་གསུང་མཁན་ཞིག་རེད། ཅེས་སྐྱོན་བརྗོད་ཞུས་ཡོད། དོན་དངོས་ཐོག་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་དོལ་རྒྱལ་གྱི་རྒྱུ་དང་། ངོ་བོ། བྱེད་ལས། འབྲས་བུའི་ཁྱད་པར་སོགས་ལ་བརྟེན་ནས་༸གོང་ས་མཆོག་གི་སྐུ་ཕྱྭ་དང་། བོད་མི་མང་ཚོགས། དེ་བཞིན་བོད་དོན་འཐབ་རྩོད་བཅས་ལ་གནོད་གཞིར་ངོས་འཛིན་མཛད་བཞིན་ཡོད་པར་བརྟེན། སྐལ་བཟང་རྒྱ་མཚོ་དང་བཀའ་གདམས་གསར་མས་དོལ་རྒྱལ་ཐོག་ངོས་འཛིན་བྱེད་སྟངས་དང་མི་མཐུན་པ་ཆགས་ཡོད། དགོངས་བཞེད་མི་མཐུན་པ་དེ་ཙམ་འཛིན་པ་ལ་༸གོང་ས་མཆོག་གིས་ཞལ་རྫུན་གསུངས་ཀྱི་འདུག་ཟེར་བ་དེར་གཞི་རྩ་གང་ཡང་མེད།

༢༽  བཀའ་གདམས་གསར་མ་ཟེར་བ་དང་། རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་ཟེར་བ། དེ་བཞིན་ནུབ་ཕྱོགས་ཤུགས་ལྡན་ཚོགས་པ་ཟེར་བས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་མཛད་པར་བརྟེན་རང་གི་བླ་མ་དང་དམ་ཚིག་ཉམས་པ་མ་ཟད། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ཕྱག་སྲོལ་ལ་རྨ་སྦྱིན་ནས་བསྟན་པ་ཉམས་ཆག་བཏང་བར་ངོས་འཛིན་བྱེད་བཞིན་ཡོད། འོན་ཀྱང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་དོལ་རྒྱལ་སྐོར་སྔ་ཕྱི་བར་གསུམ་དུ་ལོ་རྒྱུས་ཀྱི་བྱུང་རིམ་དང་དེ་བསྟེན་པས་སྤྱི་ཚོགས་ནང་རྙོག་གྲ་ཇི་བྱུང་སོགས་ལ་དཔྱད་པ་མཐིལ་ཕྱིན་མཛད་པ་མ་ཟད། ཡོངས་འཛིན་སྐུ་གཞོན་ཁྲི་བྱང་རྡོ་རྗེ་འཆང་མཆོག་ལ་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་མཛད་རྒྱུའི་དགོས་པ་རྒྱུ་མཚན་སོགས་ཞིབ་ཕྲ་སྙན་གསེང་ཞུས་ཏེ་མཚམས་འཇོག་མཛད་ཡོད།

དོལ་རྒྱལ་བསྟེན་གསོལ་བྱ་རྒྱུ་དེས་དུས་རྟག་ཏུ་གྲུབ་མཐའ་ཕན་ཚུན་དབར་འཐེན་འཁྱེར་བཟོ་བཞིན་ཡོད་པར་བརྟེན་ལོ་རྒྱུས་ཐོག་གླེང་གཞི་ཅན་ཞིག་ཆགས་ཡོད། དེར་བརྟེན་ཡོངས་འཛིན་སྐུ་བགྲེས་གླིང་རིན་པོ་ཆེ་མཆོག་གིས་དོལ་རྒྱལ་དེར་རྙོག་གྲ་ཞིག་ཡོད་པར་ཡིད་ཆེས་གནང་བཞིན་ཡོད། སྐལ་བཟང་རྒྱ་མཚོས་རྒྱལ་བའི་བཀའ་དང་། སྐྱེས་ཆེན་དམ་པའི་གསུང་ལ་བརྟེན་ནས་རིག་པ་ཡང་དག་བསྒྲུབས་ཁུལ་བྱེད་བཞིན་ཡོད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་དོལ་རྒྱལ་ཐོག་བཞེངས་ཕྱོགས་འདི་དོན་དངོས་ཐོག་༸རྒྱལ་བའི་བཀའ་དང་། སྐྱེས་ཆེན་དམ་པའི་གསུང་གཉིས་ཀ་དང་ཡོངས་སུ་མཐུན་ཡོད། དེ་ཡང་སྐལ་བཟང་རྒྱ་མཚོས་བརྩམས་པའི། (Clear light of Bliss) ཞེས་པ་དེའི་ནང་། ང་ཚོས་གྲུབ་མཐའ་གང་ཞིག་ལ་ཆ་འཇོག་བྱེད་དགོས་བསམས་ནས་བློ་དོགས་སྐྱེ་སྐབས་ཆོས་འཆད་མཁན་གང་ཟག་གམ་བླ་མའི་མཚན་སྙན་གྲགས་ཆེ་ཆུང་ལ་མི་རྟོན་པར། གང་འཆད་རྒྱུའི་ཆོས་ལ་རྟོན་དགོས། གང་འཆད་རྒྱུའི་ཆོས་དེ་ཁུངས་བཙན་པོ་དང་རྨ་མེད་པ་ཞིག་ཡིན་ན་ཁས་ལེན་རུང་ལ། གལ་ཏེ་ཡོན་ཏན་དེ་ལྟར་མི་ལྡན་ཚེ་ཆོས་འཆད་པོ་བླ་མའི་མཚན་སྙན་གྲགས་ཆེན་པོ་ཇི་ཙམ་ཡིན་ཡང་ཆོས་དེ་ཁས་ལེན་མི་རུང་། ཞེས་བརྗོད་ཡོད། དེར་བརྟེན་སྐལ་བཟང་རྒྱ་མཚོས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་མཆོག་དང་དམ་ཚིག་འགལ་ཡོད། ཅེས་སྐྱོན་བརྗོད་བྱེད་སྐབས་རང་གིས་བཤད་པའི་སྐད་ཆ་དང་རྒྱབ་འགལ་ཆགས་ཡོད།

༣༽ལྷག་པར་སྐལ་བཟང་རྒྱ་མཚོས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་སྲུང་མ་བྱེ་བྲག་པ་གཅིག་བསྟེན་གསོལ་མཛད་རྒྱུ་མཚམས་འཇོག་མཛད་པ་དེས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ནས་བརྒྱུད་པའི་དགེ་ལུགས་པའི་ཕྱག་སྲོལ་ཡོངས་རྫོགས་ལ་དགག་བྱ་མཛད་པ་རེད། ཅེས་སྐྱོན་བརྗོད་བྱེད་བཞིན་ཡོད། འོན་ཀྱང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་དགེ་ལུགས་པའི་བསྟན་པ་ལ་དགག་བྱ་རྩ་བ་ནས་མ་མཛད་པའི་ཁར་མགོན་པོ་གང་ཉིད་མཆོག་གི་བརྒྱུད་བླ་མ་རྣམས་ལ་དད་གུས་ཧ་ཅང་མཛད་བཞིན་ཡོད། འོན་ཀྱང་བསྐལ་བཟང་རྒྱ་མཚོས་རང་ཉིད་ལ་བརྒྱུད་པའི་བླ་མ་འདི་དང་དེ་ཡོད་ཚུལ་སོགས་ཇི་ཙམ་ངོམ་ཡང་མང་ཚོགས་ཁྲོད་བླ་སློབ་ཞལ་འཛོམས་པའི་སྐལ་བ་ད་བར་བྱུང་མེད། དེར་བརྟེན་སྐལ་བཟང་རྒྱ་མཚོ་ལ་རང་གི་བླ་མ་འདི་ཡིན་ཞེས་དང་། དམ་པ་གོང་མ་འདིའི་སྐུ་དྲུང་ནས་བརྒྱུད་པ་ཡོད། ཅེས་གཅིག་རྐྱང་སྟོན་རྒྱུ་མེད་པར་རང་ཉིད་ཁྱེར་རྐྱང་འབའ་ཞིག་ཡིན། ཁོ་པ་དབྱིན་ཡུལ་དུ་ཕྱི་ལོ་ ༡༩༧༧ ལོར་བོད་པའི་ཆོས་ཚོགས་ཤིག་གིས་ཆོས་བཤད་ཆེད་སྐད་བཏང་རྗེས་ཆོས་ཚོགས་དེ་དང་རྩོད་གླེང་བྱུང་ནས་ཁོ་པས་ཆོས་ཚོགས་དེར་དབང་བསྒྱུར་བྱས་རྗེས་ཕྱི་ལོ་ ༡༩༩༢ ལོར་བཀའ་གདམས་གསར་མ། ཞེས་མིང་བཏགས། ཕྱི་ལོ་ ༡༩༩༦ ལོར་དེ་སྔ་སྐལ་བཟང་རྒྱ་མཚོས་སློབ་གཉེར་བྱེད་ས་བྱེས་ཀྱི་གདན་ས་ཆེན་པོ་སེར་བྱེས་མཁས་སྙན་གྲྭ་ཚང་གི་དགེ་འདུན་འདུས་མང་ནས་ཁོ་པར་དམ་ཉམས་དང་ལོག་ལྟ་སྨྲ་བར་ངོས་འཛིན་ཐོག་གྲྭ་ཚང་ནས་གནས་དབྱུང་བཏང་བའི་དྲིལ་བསྒྲགས་སྤེལ། སྐལ་བཟང་རྒྱ་མཚོས་བཀའ་གདམས་གསར་མ་ཟེར་བ་གསར་གཏོད་བྱས་ནས་ནང་ཆོས་གསར་པ་ཞིག་བཟོས་ཡོད། ཁོ་པས་བཟོས་པའི་ནང་ཆོས་གསར་པ་དེའི་ནང་སྟོན་པ་བཅོམ་ལྡན་འདས་ཀྱི་དམ་ཆོས་འདུལ་བའི་ལུང་གང་ལའང་ཁུངས་གཏུག་མི་དགོས་པར་སྡོམ་པ་འབོགས་ཆོག་བྱེད་ཆོག དེ་ལྟར་བྱེད་མཁན་ཁོ་པ་ཁྱེར་རྐྱང་ཡིན་པ་ལས་བོད་པའི་བླ་མ་གཞན་སུ་ཡང་བྱུང་མྱོང་མེད། དེར་བརྟེན་ཁོ་པ་རང་ཉིད་ཁྱེར་རྐྱང་དུ་བསྡད་པ་མ་ཟད། ཁོ་པའི་རྗེས་འབྲང་པ་ཚོའང་འཛམ་གླིང་ནང་པ་སྤྱི་དང་འབྲེལ་བ་བཅད་ནས་གྲོགས་མེད་ཁྱེར་རྐྱང་དུ་ཟུར་འདོན་བྱས་ཡོད།

༤༽ཕྱི་ལོ་ ༡༩༩༨ ལོར་སྐལ་བཟང་རྒྱ་མཚོས་ཤུགས་ལྡན་གྱི་གནད་དོན་དེ་ནི་དོན་དངོས་བོད་མིའི་ཆབ་སྲིད་ཀྱི་གནད་དོན་ཞིག་ཡིན་སྟབས། བཀའ་གདམས་གསར་མའི་ཆོས་ཚོགས་ཀྱིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་སྐྱོན་བརྗོད་ཞུ་རྒྱུས་མཚོན་ཚུལ་མིན་གྱི་བྱ་སྤྱོད་རིགས་ནམ་ཡང་སྤེལ་རྒྱུ་མིན་སྐོར་བཤད་ཡོད། འོན་ཀྱང་དེ་རྗེས་སྐལ་བཟང་རྒྱ་མཚོ་དང་བཀའ་གདམས་གསར་མ་ཟེར་བའི་ཆོས་ཚོགས་ཀྱིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ངོ་རྒོལ་སྐད་འབོད་ད་དུང་ཐེངས་གཉིས་བྱས་ཁོངས་ནས་གཅིག་ཕྱི་ལོ་ ༢༠༠༨ ལོ་འགོའི་ནང་དང་། གཅིག་ནི་དེང་སྐབས་བྱེད་བཞིན་པ་འདི་རེད།

༥༽ཕྱི་ལོ་ ༢༠༠༨ ལོར་སྐལ་བཟང་རྒྱ་མཚོས་བཀའ་གདམས་གསར་མའི་འགོ་ཁྲིད་ནས་ངོ་རྒོལ་སྐད་འབོད་ནང་མཉམ་ཞུགས་བྱ་རྒྱུ་ཡིན་སྐོར་ཡན་ལག་ཆོས་ཚོགས་ཚང་མར་ཡི་གེ་བཏང་བའི་ནང་འཁོད་པ་མ་ཟད། ད་དུང་ཡི་གེ་དེའི་ནང་ངོ་རྒོལ་སྐད་འབོད་གོ་སྒྲིག་བྱེད་མཁན་ནུབ་ཕྱོགས་དོལ་རྒྱལ་ཚོགས་པ་ཟེར་བ་དེ་ཡིན་སྐོར་བཤད་འདུག ང་ཚོས་དཔྱད་པ་བྱས་ན་ཚོགས་པ་དེའི་འགན་འཛིན་ཚང་མ་བཀའ་གདམས་གསར་མ་ཟེར་བའི་ཆོས་ཚོགས་ཀྱི་ཚོགས་མི་ཟུར་པའམ་ལས་ཐོག་ཤ་སྟག་ཡིན་པ་ལས་སླ་པོར་ཤེས་རྟོགས་ཐུབ་རྒྱུ་རེད། འོན་ཀྱང་བཀའ་གདམས་གསར་མས་ནུབ་ཕྱོགས་ཤུགས་ལྡན་ཚོགས་པ་ཟེར་བ་དང་འབྲེལ་བ་མེད་ཚུལ་རྒྱུན་དུ་ཤོད་བཞིན་ཡོད། གསར་འགོད་པས་སྐལ་བཟང་རྒྱ་མཚོའི་གསོལ་དཔོན་ཟུར་པ་སྐལ་བཟང་པདྨར་ནུབ་ཕྱོགས་ཤུགས་ལྡན་ཚོགས་པ་ཟེར་བའི་འགོ་ཁྲིད་སུ་ཡིན་འདྲི་སྐབས་མིང་འདོན་བྱ་རྒྱུ་གང་ཡང་མེད།

༦༽བཀའ་གདམས་གསར་མ་ཟེར་བས། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ངོ་རྒོལ་སྐད་འབོད་བྱེད་མིན་ནི་ཚོགས་མི་སྒེར་སོ་སོའི་རང་དབང་ཡིན་ཚུལ་བཤད་ཀྱང་། ང་ཚོས་ཤེས་ཚོད་ལ། བཀའ་གདམས་གསར་མའི་ཆོས་ཚོགས་ཟེར་བའི་ནང་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པས་ཆེད་མངགས་ཞལ་འདེབས་དང་ངོ་རྒོལ་བྱེད་མཁན་བསྡུ་བསྐོང་ཆེད་འབད་བརྩོན་ཤུགས་ཆེ་བྱེད་བཞིན་ཡོད།

༧༽ ཕྱི་ལོ་ ༢༠༡༤ ལོའི་བཀའ་གདམས་གསར་མའི་ལས་འགུལ་དེ་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པས་རྒྱུན་སྐྱོང་བྱས་འདུག ད་ལྟའི་ཆར་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་ཟེར་བའི་མིང་བྱང་འོག་དེབ་སྐྱེལ་བྱས་པའི་ཚོགས་པ་གཉིས་ཡོད། དེ་ཡང་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པའི་ཡིག་ཆའི་ནང་གསལ་ལྟར་ན། ནོར་ཝེའི་ནང་ཡོད་པའི་ཚོགས་པ་དེའི་འཛིན་སྐྱོང་འགན་འཛིན་དང་ཚོགས་གཙོ་བཀའ་གདམས་གསར་མའི་ཆོས་ཚོགས་ཀྱི་དགེ་རྒན་ཡིན་དགོས། དེ་བཞིན་ཨ་རིའི་ཁལ་ལི་ཕོར་ནི་ཡའི་ནང་ཡོད་པའི་ཚོགས་པ་དེ་ཁེ་བཟང་མེད་པའི་ཟ་འབྲུའི་བཟོ་གྲྭ་ཆེན་པོ་ཞིག་དང་མཉམ་སྤྱོད་ཀྱིས་བཟོ་གྲྭ་དེའི་འཛིན་སྐྱོང་འགན་འཛིན་དེ་ཡང་བཀའ་གདམས་གསར་མའི་དགེ་རྒན་ཟུར་པ་ལེན་ཕོ་ལེ་ཡིན་པ་མ་ཟད། ཁོ་པའི་བཟའ་ཟླ་ར་བྷེ་ཀ་གོ་ཐ་ཡར་ཟེར་བ་ཁོ་པ་དེ་སྔ་བཀའ་གདམས་གསར་མའི་ནང་དགེ་རྒན་བྱེད་མྱོང་ཡོད་ཅིང་། ཨ་རིའི་ནང་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་ཟེར་བའི་མགྲིན་ཚབ་པའང་ཡིན་འདུག

ཕྱོགས་མཚུངས་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་ཟེར་བའི་བྱེད་གཏེ་སྐལ་བཟང་རབ་བརྟན་ཡིན་འདུག ཁོ་པ་བཀའ་གདམས་གསར་མའི་གྲྭ་རྒན་ཞིག་ཡིན་འདུག ཁོ་པའི་ཡུ་ཊུབ་ཀྱི་གསར་འགྱུར་དྲིལ་བསྒྲགས། ཟེར་བ་དེའི་ནང་སྐྱ་ཆས་གྱོན་ནས་ཁོ་པ་གསར་འགོད་པ་ཡིན་ཁུལ་བྱས་ཡོད། དེར་བརྟེན་ཁོ་པས་རང་གི་གནས་སྟངས་དང་ལངས་ཕྱོགས་ངོ་མ་སྦས་གསང་བྱས་ཡོད། རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པའི་དྲ་རྒྱའི་ནང་འབར་མའི་ནང་པའི་བཙུན་པ་ཞིག་གིས་བསོད་སྙོམས་སློང་བཞིན་པའི་བརྙན་འཕྲིན་གཅིག་བཞག་སྟེ། རྒྱ་གར་ནང་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་གནས་དབྱུང་བཏང་སྐོར་གྱི་འཁྱོག་བཤད་ཀྱི་དྲིལ་བསྒྲགས་ལོག་པ་བྱས་ཡོད། ཐབས་བྱུས་དེ་རིགས་འོག་གཞན་མགོ་སྐོར་བསླུ་བྲིད་བཏང་སྟེ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ཚད་ལས་འདས་པའི་འུར་ཤོབ་ཀྱི་མཚན་སྨད་ཞུ་བཞིན་ཡོད།

༨༽བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཆོས་དད་རང་དབང་ལ་དམ་བསྒྲགས་མཛད་བཞིན་འདུག ཅེས་སྐྱོན་བརྗོད་བྱེད་བཞིན་ཡོད་ཀྱང་། དོན་དངོས་ཐོག་བཀའ་གདམས་གསར་མའི་བྱ་སྤྱོད་ལ་བལྟས་ན་སྐྱོན་བརྗོད་འདི་བཀའ་གདམས་གསར་མའི་ཆོས་ཚོགས་ལ་ཟུག་རྒྱུ་རེད། བཀའ་གདམས་གསར་མའི་ཆོས་ཚོགས་ཟེར་བ་དེ་དང་དེའི་ཡན་ལག་ཆོས་ཚོགས་ནང་དུ་སྐལ་བཟང་རྒྱ་མཚོ་ཁོ་ན་ལས་གཞན་སུ་ལའང་དད་གུས་དང་ཡིད་ཆེས་བློས་འགལ་བྱེད་མི་ཆོག་པ་མ་ཟད། ཆོས་ཚོགས་དེ་དང་ཡན་ལག་ཆོས་ཚོགས་དེ་དག་ནང་སློབ་ཁྲིད་བྱེད་མཁན་དགེ་རྒན་ཁོ་པ་ཚོས་སྐལ་བཟང་རྒྱ་མཚོས་བརྩམས་པའི་དཔེ་དེབ་ཁོ་ན་སློབ་ཁྲིད་བྱེད་དགོས་པ་དང་། སློབ་དགེ་དེ་དག་ཀྱང་བཀའ་གདམས་གསར་མའི་ནང་ཟབ་སྦྱོང་ཐོན་ནས་སྐལ་བཟང་རྒྱ་མཚོས་བསྐོ་གཞག་བྱས་པ་ཞིག་ངེས་པར་དུ་དགོས། བཀའ་གདམས་གསར་མའི་ཆོས་ཚོགས་ནང་ཐེངས་གཅིག་འཛུལ་ཞུགས་བྱས་ཟིན་པའི་སྐྱ་སེར་སུ་ཡིན་རུང་ཆོས་ཚོགས་ནས་ཐོན་པ་ཡིན་ན། དམྱལ་བར་སྐྱེས་ནས་མཐར་པའི་གོ་འཕང་འཐོབ་རྒྱུ་མིན་པའི་སྡིགས་སྐུལ་བྱེད་བཞིན་ཡོད།

༩༽ ནང་པའི་ཆོས་ཚོགས་གཞན་དང་ཡན་ལག་ཆོས་ཚོགས་ཁག དེ་བཞིན་དྲ་རྒྱའི་ཐོག་བགྲོ་གླེང་གི་གླེང་སྟེགས་གོ་སྒྲིག་གནང་མཁན། ཤེས་ཡོན་ཅན་གྱི་མི་སྣ། རྩོམ་པ་པོ། དཔེ་དེབ་འགྲེམས་སྤེལ་ཚན་པ་བཅས་ལ་བཀའ་གདམས་གསར་མའི་ཆོས་ཚོགས་ཀྱིས་ཁྲིམས་ལ་གཏུག་ནས་ཁོ་པར་མིང་ཤས་ངན་པ་བཟོ་གྱི་འདུག ཅེས་ཞུ་གཏུག་བྱ་རྒྱུ་ཡིན་ཚུལ་བརྗོད་ནས་སྡིགས་ར་ལན་མང་བཏང་བའི་ཡིག་ཆ་དངོས་སུ་སྟོན་རྒྱུ་ཡོད།

བཀའ་གདམས་གསར་མའི་ཆོས་ཚོགས་ནང་འཛུལ་ཞུགས་བྱས་པའི་ཚོགས་མི་རྣམས་ཀྱིས་ཆོས་ཚོགས་ཀྱི་སྲིད་བྱུས་ལངས་ཕྱོགས་ལ་གལ་ཏེ་སྐྱོན་བརྗོད་བྱས་ཚེ་ཚོགས་མི་གཞན་དང་འབྲེལ་བ་གཅད་རྒྱུ་མ་ཟད། ཚོགས་པའི་ལས་ཤག་ནས་ཁྲིམས་འགལ་ཐོག་གནས་དབྱུང་བཏང་སྟེ། ཉེན་རྟོག་པར་རྩིས་སྤྲོད་བྱ་རྒྱུའི་རྣམ་འགྱུར་སྟོན་བཞིན་ཡོད་པ་དངོས་སུ་མཐོང་ཡོད། ང་ཚོ་བཀའ་གདམས་གསར་མའི་ཚོགས་མི་ཟུར་པ་ཡིན་པར་བརྟེན། ཆོས་ཚོགས་དེས་ཆོས་ཚོགས་རང་གི་ཁེ་ཕན་ཆེད་སྒེར་གྱི་བདེ་དོན་ལ་རྩིས་མེད་རྡོག་རོལ་གཏོང་རྐྱང་བྱེད་མཁན་ཞིག་ཡིན། མི་གྲངས་ ༡༢༠༠ བཀའ་གདམས་གསར་མའི་ཆོས་ཚོགས་ལ་ངོ་ལོག་ནས་ཕྱིར་ཐོན་བྱས་པ་མ་ཟད། དྲ་རྒྱ་ཞིག་ཀྱང་གསར་བཟོ་བྱས་ཡོད། འོན་ཀྱང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་དེ་འདྲ་ཞུ་མཁན་མེད།

༡༠༽རྒྱ་ནག་གཞུང་གིས་བོད་བཙན་འཛུལ་བྱས་རྗེས་བོད་མི་ས་ཡ་དྲུག་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བར་བརྟེན། བོད་མི་རྣམས་དཀའ་སྡུག་ཧ་ཅང་མྱངས་དང་མྱོང་བཞིན་ཡོད་པ་མ་ཟད། བོད་མི་ས་ཡ་གཅིག་ལྷག་དམར་གསོད་བཏང་བའི་རྒྱབ་ལྗོངས་གནས་སྟངས་ལ་དཔྱད་སྐབས། རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པས་དོལ་རྒྱལ་རྗེས་འབྲང་པ་བོད་མི་ས་ཡ་བཞི་ཡོད་པ་རྣམས་རྒྱ་ནག་གི་དབང་བསྒྱུར་འོག་དཀའ་སྡུག་མྱོང་བཞིན་ཡོད་སྐོར་སྒྲོག་བཞིན་པ་ནི་རྫུན་གཏམ་ཡིན་པ་ཧ་ཅང་གསལ་པོ་ཆགས་ཡོད།

ཚད་ལྡན་གྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་དང་ཁྲིམས་ཁང་སུ་གཅིག་ནས་ཀྱང་བཀའ་གདམས་གསར་མ་ཟེར་བ་དང་། ནུབ་ཕྱོགས་ཤུགས་ལྡན་ཚོགས་པ། དེ་བཞིན་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་ཟེར་བས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་བྱུང་། ཟེར་བའི་སྐྱོན་བརྗོད་དེ་དག་ལ་ངོས་འཛིན་ནམ་ཡང་གནང་མེད། ཕྱི་ལོ་ ༢༠༡༠ ལོར་རྒྱ་གར་གྱི་ཁྲིམས་ཁང་མཐོ་བས་དོལ་རྒྱལ་རྗེས་འབྲང་པ་ཚོས་ཁྲིམས་གཏུག་བྱས་པ་རྣམས་ལ་རྒྱུ་མཚན་ཁུངས་ལུང་གང་ཡང་མེད་པར་བརྟེན་རྩིས་མེད་བཏང་ཡོད། བོད་མི་ཚོས་རང་གི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་འཐབ་རྩོད་ལ་ང་ཚོས་རྒྱབ་སྐྱོར་ཞུ་རྒྱུ་མ་ཟད། རིག་གཞུང་འདི་ལ་བརྟེན་ནས་འཚོ་བཞིན་དུ་རིག་གཞུང་འདིར་རྒྱབ་སྐྱོར་མ་བྱེད་མཁན་ཚོའི་ཀུན་སློང་ལ་དྲི་བ་འདོན་རྒྱུ་ཡིན།
ཕྱི་ལོ་ ༡༩༩༦།༡༩༩༧ ལོ་དང་ཕྱི་ལོ་ ༢༠༠༨ ལོ་བཅས་དུས་ཚིགས་སོ་སོར་ཁོ་པ་ཚོས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ངོ་རྒོལ་སྐད་འབོད་བྱས་ཡོད།

འོན་ཀྱང་དུས་ཚིགས་དེ་དག་ལ་ཞིབ་ཏུ་དཔྱད་སྐབས་དུས་སྐབས་དེའི་རིང་བཀའ་གདམས་གསར་མ་ཟེར་བའི་ཆོས་ཚོགས་ཀྱི་འགན་འཛིན་གཞོན་པས་ཚུལ་མིན་འཁྲིག་སྤྱོད་ཀྱི་བྱ་སྤྱོད་མ་རུང་བ་སྤེལ་བའི་གནས་ཚུལ་རྣམས་དྲ་རྒྱའི་ཐོག་ཕྱིར་བསྒྲགས་བྱུང་བའི་དུས་སྐབས་ཤིག་འཁེལ་ཡོད། སྐལ་བཟང་རྒྱ་མཚོ་དང་ཁོ་པའི་ཆོས་ཚོགས་ཀྱིས་བྱ་སྤྱོད་མ་རུང་བ་བསྟུད་མར་བྱས་རྐྱེན་ཁོ་པ་དང་ཁོ་པའི་དགེ་ཕྲུག་ཚོས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་མཚན་སྨད་ཞུ་རྒྱུའི་བཟང་སྤྱོད་ཀྱི་ཐོབ་ཐང་རྩ་བ་ནས་མེད།  ང་ཚོ་བཀའ་གདམས་གསར་མའི་ནང་བསྡད་མྱོང་ཡོད་སྟབས། དངོས་བདེན་མིན་པ་དང་། འཁྱོག་བཤད། རྫུན་གཏམ་དེ་དག་ང་ཚོས་རྫུན་རྐུབ་བརྟོལ་ནས་དངོས་ཡོད་གནས་ཚུལ་གང་ཡིན་པ་རྣམས་བདེན་ཐོག་ཏུ་འཁྱོལ་ཐུབ་རྒྱུ་ལས་གཞན་སུས་ཀྱང་མ་ཐུབ། ཅེས། ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡༩ ཉིན།།