༢༠༡༥ ཟླ་ ༡༡ ཚེས་ ༤ རེས་གཟའ་ལྷག་པ།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༣ ཉིན་ལྷ་བབས་དུས་ཆེན་ཉིན་དང་སྟབས་བསྟུན། བར་ཁམས་རོང་པོ་ཤོག་ཀ་ཕྱེད་བརྒྱད་དང་། བར་ཁམས་སོག་ཤོད། བར་ཁམས་ཁྲི་རྡོ། རྡ་སར་རྟེན་གཞི་བྱས་པའི་མདོ་སྟོད་ཆོལ་ཁའི་དབུས་རྒྱུན་བཅས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་གྲུབ་མཚམས། གསུང་ཆོས་ར་བའི་ནང་མགོན་པོ་གང་ཉིད་མཆོག་དབུ་བཞུགས་ཐོག་མཛད་སྒོ་ཞིག་ཚོགས་ཡོད། སྐབས་དེར་བརྟན་བཞུགས་དང་འབྲེལ་སོག་ཤོད་སེར་སྐྱ་མི་མང་གིས་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་མཚོན་སླད་གསེར་གྱི་རྟགས་མ་ཞིག་དང་། བར་ཁམས་རོང་པོ་སེར་སྐྱ་མི་མང་ནས་གསེར་གྱི་འཁོར་ལོ་ཞིག་བཅས་འབུལ་ལམ་ཞུས་འདུག

དེ་ཡང་སྐབས་དེར་སོག་ཞབས་དྲུང་རིན་པོ་ཆེ་མཆོག་གིས་གསུང་བཤད་སྒྲོགས་སྦྱང་གནང་བའི་ནང་འཁོད་དོན། འཛམ་གླིང་འདིའི་སྟེང་གི་ཆེས་མཐོའི་མི་སྣ་དང་། མཁས་དབང་། རྣམ་དཔྱོད་ཅན་གྱི་སྐྱེ་བོ་རྣམས་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་ཏེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་དང་། ཨ་མི་རི་ཁའི་གསེར་གྱི་གཟེངས་རྟགས་སོགས་གཟེངས་རྟགས་ཁག་ ༡༥༥ ལྷག་ཕུལ་ཏེ། མགོན་པོ་གང་ཉིད་འཛམ་གླིང་ཡོངས་ཀྱི་ཞི་བདེའི་དབུ་ཁྲིད་ལ་མངའ་གསོལ་བའི་སྙན་གྲགས་ཀྱིས་འཛམ་གླིང་གཡོ་བར་བྱེད་པའི་ངོ་མཚར་ཆེ་བའི་མཛད་པ་བསྟན།

ལྷག་པར་དུ་༸གོང་ས་མཆོག་བཙན་བྱོལ་དུ་༸ཞབས་སོར་བཀོད་ནས་རིས་མེད་ཀྱི་ཆོས་སྡེ་ཁག་དང་སློབ་གྲྭ་ཁག དེ་བཞིན། གཞིས་ཆགས་ཁག་བཅས་གསར་འཛུགས་མཛད་པའི་ཁྲོད། འུ་ཅག་སོག་ཤོད་ལུང་པའི་སེར་སྐྱ་མི་མང་ལ་གཅིག་མཚུངས་ཀྱི་སྐལ་བཟང་སྤྱི་བོའི་གཙུག་ཏུ་སྨིན་པའི་བཀའ་དྲིན་ཤིན་ཏུ་ཆེ་བས་གདན་ས་ཁག་ནས་དགེ་བཤེས་ལྷ་རམས་པ་དང་ཚོགས་རམས་པ་སོགས་དགེ་བཤེས་གང་མང་ཐོན་པ་དང་། སློབ་གྲྭ་ཁག་ནས་སློབ་དཔོན་དང་བསྟན་བཅོས་སློབ་ཐོན་པ། གཞན་ཡང་སྨན་པ་དང་རྩོམ་པ་པོ། སྙན་ངག་པ། གསར་འགོད་པ་སོགས་བྱུང་ཡོད་ལ། དེ་བཞིན་ཕ་ཡུལ་སོག་དགའ་ལྡན་འཕེལ་རྒྱས་གླིང་དུ་མཚན་ཉིད་བཤད་གྲྭ་གསར་དུ་འཛུགས་ཐུབ་པ་བྱུང་བ་སོགས་སྔར་འུ་ཅག་གི་ལོ་རྒྱུས་ནང་བྱུང་མྱོང་མེད་པ་ལྟ་བུ་བྱུང་བ་འདི་དག་ནི། ༸གོང་ས་མཆོག་གི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བའི་བཀའ་དྲིན་སྙིང་དབུས་སུ་བཅངས་ནས། ཞེས་སོགས་འཁོད་པ་སྒྲོག་སྦྱངས་གནང་རྗེས་བར་ཁམས་སོག་ཤོད་གསེར་སྐྱ་ཡོངས་ནས་བོད་ཀྱི་ས་ཁྲ་དང་། སངས་རྒྱས་ཚེ་དཔག་མེད་སོགས་རི་མོར་བཀོད་པའི་གསེར་གྱི་རྟགས་མ་དང་བར་ཁམས་རོང་པོ་སེར་སྐྱ་མང་ཚོགས་ཡོངས་ནས་གསེར་གྱི་འཁོར་ལོ་འབུལ་ལམ་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་ཐུགས་དགྱེས་བཞེས་མཛད། དེ་རྗེས་བར་ཁམས་སོག་ཤོད་གཞོན་སྐྱེས་ཁག་གཅིག་གིས། བླ་མ་དུས་གསུམ་སངས་རྒྱས་ཀྱི་ངོ་བོ་དབྱེར་མེད། ཅེས་པའི་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས།

མཛད་སྒོའི་མཐར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་ཁྱེད་རང་ཚོ་བརྟན་བཞུགས་ཁག་གསུམ་ནས་དངོས་གནས་དད་དམ་གཙང་མ་ངོ་གདོང་ལ་བལྟས་ནས་འདྲ་ཆགས་པོ་བཤད་བཞག་པའི་སྐད་ཆ་མ་རེད། དེ་སྔ་བོད་ལ་ཡོད་སྐབས་ཡིན་ན་རེད། རྒྱ་གར་ནང་བཙན་བྱོལ་ཆགས་ནས་ལོ་ ༥༦ གི་སྒང་ལ་འགྲོ་བཞིན་ཡོད་པ་རེད། དེའི་རིང་ལ་དད་དམ་གཡོ་བ་མེད་པ་བྱས་ནས་འདི་ལྟར་བསྡད་པ་རེད། བླ་མ་ལ་བརྟན་བཞུགས་ཕུལ་ཟེར་བ་དེ་འབུལ་དངོས་ཀྱི་ཐོག་ནས་བརྟན་བཞུགས་ཡོང་བ་ཟེར་བ་དེ་མ་རེད། དད་པ་དང་དམ་ཚིག་གཡོ་བ་མེད་པ་ཞིག་ཡོད་པ་ཡིན་ན། བླ་མ་དང་སློབ་མའི་བར་དུ་ལས་དང་སྨོན་ལམ་གྱི་འབྲེལ་བ་ཡོད་པ་ཞིག་རེད། ངོས་ལ་ཆ་བཞག་ནའང་། ངོས་རང་ཨ་མདོ་སྐུ་འབུམ་གྱི་གྲོང་གསེབ་ཆུང་ཆུང་ཞིག་ལ་སྐྱེས་པ་རེད། དེ་འདྲའི་ཕྲུ་གུ་ཞིག་རིམ་གྱིས་༸རྒྱལ་བ་རིན་པོ་ཆེ་ཡིན་པ་འདྲ་པོ་མཐོང་བ་དང་། ང་རང་གི་ངོས་ནས་ཀྱང་ལོ་ ༨༡ ལ་བསླེབས་པའི་བར་དུ་གང་ལྟར་བོད་སྤྱི་པའི་དོན་ལ་སེམས་ཁུར་ཞིག་བླངས་ཏེ་གང་ཡོང་ཅི་ཡོང་བྱས་པ་རེད། སྐུ་འབུམ་གྱི་ཉེ་འཁོར་ས་ཆ་ཁུག་ཀྱོག་གཅིག་ཏུ་སྐྱེས་པའི་ཕྲུ་གུ་ཞིག་ཧོབ་སྟེ་དེ་འདྲ་ཆགས་པ་དེ། ལས་དང་སྨོན་ལམ་གྱི་ཤུགས་རྐྱེན་ཆེན་པོ་ཞིག་ཡོད་པ་རེད་མ་གཏོགས་ཤུགས་རྐྱེན་གང་ཡང་མེད་པར་ཡོང་གི་མ་རེད། ང་ཚོའི་བར་དུ་ལས་དང་སྨོན་ལམ་གྱི་འབྲེལ་བ་ཤུགས་ཆེན་པོ་ཞིག་ཡོད་དུས། དད་པ་དང་དམ་ཚིག་ཟེར་བ་དེ་གལ་ཆེན་པོ་ཞེ་དྲགས་རེད། ཁྱེད་རང་ཚོའི་ངོས་ནས་ཐོག་མཐའ་བར་གསུམ་དུ་བསམ་པ་རྣམ་དག་དང་དད་དམ་གཡོ་བ་མེད་པར་གནས་པ་དང་། དེ་རིང་འདིར་ཀུན་སློང་ལྷག་བསམ་རྣམ་པར་དག་པ་ཞིག་གི་ཐོག་ནས་བརྟན་བཞུགས་བཀྱགས་ཡོད་སྟབས། ནུས་པ་གང་འཚམ་ཞིག་ཡོང་གི་རེད། ཐུགས་རྗེ་ཆེ་ཞེས་ཞུ་ཡི་ཡོད།

ཁྱེད་རང་ཚོའི་ཁོངས་སུ་དོལ་རྒྱལ་བསྟེན་མཁན་ཡོང་གི་ཡོད་པ་དེར་ཁག་རྩ་བ་ནས་ཡོད་པ་མ་རེད། ཁོང་ཚོས་དངོས་ཡོད་གནས་ཚུལ་དེ་ཁྱོན་ནས་ཤེས་ཀྱི་ཡོད་པ་མ་རེད། ངོས་རང་ལ་ཆ་བཞག་ནའང་ཕྱི་ལོ་ ༡༩༥༠ ལོར་གྲོ་མོར་ཡོད་སྐབས་ནས་ཕྱི་ལོ་ ༡༩༧༠ མཚམས་བར་བསྟེན་པ་རེད། དེ་མི་ཤེས་པའི་དབང་གིས་དོལ་རྒྱལ་བསྟེན་ནས་ནོར་འཁྲུལ་བྱས་པ་རེད། མཐོ་ས་༸རྒྱལ་བ་རིན་པོ་ཆེ་ནས་ནོར་འཁྲུལ་བཟོས་པ་ཡིན་ན། ཁོང་ཚོར་ཁག་ཁྱོན་ནས་ཡོད་པ་མ་རེད། གལ་སྲིད་ཁོང་ཚོས་དངོས་ཡོད་གནས་ཚུལ་དེ་ཤེས་པ་བྱུང་ན་བསམ་བློ་གཏོང་གི་རེད། དེང་སྐབས་དོལ་རྒྱལ་རྗེས་འབྲང་པ་ཚོས་ངོས་ལ་ངོ་རྒོལ་བྱེད་ཀྱི་ཡོད། ངོས་རང་༸རྒྱལ་བ་རིན་པོ་ཆེའི་ཡང་སྲིད་རྫུན་མ་རེད། ངོས་རང་ཁ་ཆེ་རེད། བོད་མི་ཚོས་ངོས་ལ་རྒྱབ་སྐྱོར་བྱེད་རྒྱུ་མེད། ཅེས་ཤོད་ཀྱི་ཡོད། ཁོ་པ་ཚོར་བརྒྱུད་སྐུལ་བྱེད་མཁན་ཁག་གཅིག་གིས་ངོས་ལ་སྒེར་གྱི་འཁོན་འཛིན་བྱས་ནས་ལས་འགུལ་དེ་འདྲ་སྤེལ་བཞིན་ཡོད། གང་ལྟར་ངོས་ཀྱི་བོད་མི་རྣམས་ལ་དོལ་རྒྱལ་ངོ་རྒོལ་བྱེད་མཁན་ཚོར་རླུང་མ་ལངས་རོགས་ཞེས་བརྗོད་བཞིན་ཡོད། ངོས་རང་ལ་མཚོན་ནའང་བྱང་ཆུབ་ཀྱི་སེམས་དང་སྟོང་པ་ཉིད་ཀྱི་སྐོར་ལ་ཉིན་ལྟར་བསམ་བློ་གཏོང་བཞིན་ཡོད།

དེར་བརྟེན་ཁོ་པ་ཚོར་ཁོང་ཁྲོ་ནམ་ཡང་སྐྱེ་ཡི་མི་འདུག ངོས་ཀྱིས་དོལ་རྒྱལ་བསྟེན་གསོལ་བྱ་རྒྱུ་དེར་ཐོག་མ་ནས་ཕྲན་བུ་དོགས་པ་སྐྱེས་ཏེ་ལོ་ངོ་བཞི་རྒྱའི་ལོ་རྒྱུས་ལ་དཔྱད་པ་བྱས་ནས་བརྟག་དཔྱད་ཞེ་དྲགས་བྱས་ཡིན། མཐར་གནས་ཚུལ་ངོ་མ་རྟོགས་རྗེས་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་བྱས་པ་རེད། ངོས་ཀྱིས་དངོས་ཡོད་གནས་ཚུལ་གང་ཤེས་པ་དེ་དག་གཞན་ལ་འགྲེལ་བཤད་བྱ་རྒྱུ་དེ་ངོས་ཀྱི་འགན་རེད། ཉན་དང་མི་ཉན་ཟེར་བ་དེ་མི་སྒེར་པ་སོ་སོའི་ཇུས་གཏོགས་རེད། ཅེས་བཀའ་སློབ་སྩལ་བ་མ་ཟད།

བར་ཁམས་སོག་ཤོད་མི་མང་ཡོངས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཤར་བསྐྱོད་བྱ་རྒྱུའི་དམ་འབུལ་ཞུས་པར་༸གོང་ས་མཆོག་ཐུགས་དགྱེས་ཚོར་མཛད་དེ་བཀའ་སློབ་སྩལ་དོན། ངོས་ཀྱིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་འགན་འཁྱེར་བ་ནས་བཟུང། འདས་པའི་ལོ་ངོ་མང་པོའི་རིང་གི་ཉམས་མྱོང་གཞི་རྩར་བཞག་ནས་དོ་ནན་པོས་དབུ་མའི་ལམ་གྱི་སྲིད་བྱུས་དེ་བདམས་པ་རེད་མ་གཏོགས། ངོས་ཀྱིས་བསམ་བློ་གང་ཡང་མ་བཏང་བ་དང། བློ་ཁོག་མ་འདངས་པ། དེ་བཞིན་རྣམ་དཔྱོད་ཀྱི་མ་འདངས་པ་ཞིག་ཕལ་ཆེར་མིན། འདས་པའི་ལོ་ངོ་ ༦༠ རིང་ལྷག་བསམ་རྣམ་དག་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་འགན་འཁྱེར་ནས་གང་ཡོང་ཅི་ཡོང་བྱས་རྗེས་ད་ཆ་ལོ་རྒན་ ༨༠ མཚམས་འདིར་བསླེབས་སྐབས་འགྲིག་འདུག་ཟེར་རྒྱུའི་ཚབ་ཏུ་དེ་ལས་ལྡོག་ཏེ་འགྲིག་མི་འདུག ཟེར་ནས་སྐྱོན་བརྗོད་བྱེད་དུས་སྐབས་རེ་བློ་ཕམ་ཏོག་ཙམ་ཡོང་བཞིན་འདུག

ང་ཚོའི་མི་རབས་འདི་རྫོགས་འགྲོ་བཞིན་ཡོད་པ་དང་། མི་རབས་འདི་རྫོགས་པའི་མཚམས་སུ་བསླེབས་ཡོད་སྟབས། མི་རབས་གསར་པ་ཚོས་མཇུག་སྐྱོང་ཐུབ་པ་དགོས། ང་ཚོ་བཙན་བྱོལ་སྒྲིག་འཛུགས་ལ་ཆ་བཞག་ན། ལྔ་བཅུ་ལྔ་དགུ་དང་དྲུག་ཅུ་རེ་གྲངས་གི་མི་རབས་དེ་གང་ཙམ་རྫོགས་ཏེ། མི་རབས་གསར་པ་ཞིག་གིས་མཇུག་སྐྱོང་ནས་ཡོང་གི་ཡོད་པ་རེད། བོད་ནང་ལ་ཆ་བཞག་ནའང་གཞིས་ལུས་རྒྱ་ཆེའི་མི་མང་གི་མི་རབས་རྒན་པ་ཚོ་རྫོགས་འགྲོ་བཞིན་ཡོད་པ་དང་། མི་རབས་གསར་པ་ཚོས་མི་རབས་རྒན་པའི་སྙིང་སྟོབས་དང་ལྷག་བསམ་འགྱུར་བ་མེད་པ་བྱས་ཏེ། མི་རབས་རྒན་པའི་མཇུག་མཐུད་ནས་ཡོང་གི་ཡོད་སྟབས། ང་ཚོ་བཙན་བྱོལ་བ་ཚོས་ཀྱང་དེ་དེ་བཞིན་བྱས་ཏེ་མི་རབས་རྒན་པ་རྣམས་རྫོགས་འགྲོ་དུས། མི་རབས་གཞོན་པ་ཚོས་མཇུག་མཐུད་ཐུབ་པ་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ། སོག་ཤོད་སེར་སྐྱ་མི་མང་ནས་བོད་བསྟན་སྲིད་ཀྱི་ཕན་བདེའི་ཆེད་དམ་བཅའ་གསུམ་བཞག་ཡོད་པ་ནི།

དང་པོ། དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་བྱས་ཟིན་པ་དེར་མ་འོངས་པར་འགྱུར་བ་མེད་པར་ཕ་ཐོག་བུ་རྒྱུད་ཀྱིས་རྒྱུན་འཛིན་བྱ་རྒྱུ། གཉིས་པ། བོད་མིའི་ཆོས་དང་རིག་གཞུང་དར་སྤེལ་དང་མི་རིགས་ཀྱི་ངོ་བོ་གཙང་མ་གཙང་ཉར་ཐུབ་པ་བྱ་རྒྱུ། གསུམ་པ། བཙན་བྱོལ་དུ་༸གོང་ས་མཆོག་ནས་བསྟན་པའི་དབུ་མའི་ལམ་གཙོས་པའི་ཆོས་སྲིད་གཉིས་ཐད་བཀའ་དགོངས་འོག་ཤར་བསྐྱོད་དང་། བོད་སྤྱི་པ་གང་དུ་ཕྱིན་པ་ཡིན་ན་དེའི་ཐོག་ཏུ་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ། ཞེས་འཁོད་འདུག ཕྱོགས་མཚུངས་བར་ཁམས་རོང་པོ་གསེར་སྐྱ་ཡོངས་ནས་དོལ་རྒྱལ་བསྟེན་གསོལ་སྤང་བླངས་ཚུལ་བཞིན་བྱ་རྒྱུ་ཙམ་མ་ཟད། གཞིས་ལུས་བར་ཁམས་རོང་པོ་གསེར་སྐྱ་ཡོངས་ལ་དོལ་རྒྱལ་བསྟེན་གསོལ་སྤངས་བླངས་འཇུག་ལྡོག་གི་ལམ་སྟོན་ཚུལ་བཞིན་ཞུ་རྒྱུའི་ཁས་ལེན་ཡང་ཞུས་ཡོད། མཛད་སྒོའི་མཐར་བོད་ཀྱི་ཟློས་གར་ཚོགས་པ་སོགས་ནས་གཞས་སྣ་འཁྲབ་སྟོན་དང་སེར་སྐྱ་མི་མང་ལ་ཉིན་གུང་གི་ཞལ་ལག་ཕུལ་ཡོད།།