༄༅། །གཞིས་བྱེས་གཉིས་སུ་གནས་པའི་བོད་རིགས་སྤུན་ཟླ་གཙོ་གྱུར་རྒྱ་ཆེའི་དད་ལྡན་སེར་སྐྱ་མི་མང་ཡོངས་ཀྱི་སྙན་ལམ་དུ།

དེང་སང་དོལ་རྒྱལ་ཚོགས་པའི་ངོས་ནས་བདག་ཅག་རྣམས་ཀྱི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མའདི་ཕྱི་ཚེ་རབས་གཏན་གྱི་༸སྐྱབས་གནས་དམ་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་གཞི་མེད་སྐྱོན་འཛུགས་གང་བྱུང་སྐུར་འདེབས་རྫུན་གཏམ་ནམ་མཁར་མི་ཤོང་བ་བཤད་དང་ཤོད་བཞིན་པ་དེ་ལྟར་མཐོང་ཆོས་སུ་ཡོད་པ་འདི་ནི་རང་ཅག་དད་ལྡན་སྐྱེ་བོ་ཡོངས་ཀྱི་སྙིང་གི་ཚེར་མར་གྱུར།

ལྷག་པར་དོལ་ཚོགས་ཀྱི་འདུ་ར་དང་གཏམ་བརྗོད་ཀྱི་སྐབས་སུ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་དོལ་རྒྱལ་བསྟེན་གསོལ་གནང་མཁན་ཡིན་སྐོར་གྱི་ལོག་འགྲེལ་དྲིལ་བསྒྲགས་བྱས་ནས། རྒྱལ་སྤྱིའི་ནང་ཁོ་ཚོར་བདེན་རྒྱབ་ཡོང་ཐབས་བྱས་དང་བྱེད་བཞིན་པར་བདག་ཅག་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་བླ་དགེ་འདུན་འབྲེལ་ཆགས་ཡོངས་རྫོགས་ཤིན་ཏུ་བློ་ཕམ་སྐྱེས། མ་ཟད་ལོག་བཤད་དེ་དག་གིས་ལོ་རྒྱུས་ངོ་མ་མི་ཤེས་མཁན་ཁག་གཅིག་མགོ་འཁོར་བསླུ་བྲིད་ནང་དུ་ཚུད་སྲིད་པས། དེ་རིང་འདིར་དོལ་ཚོགས་ལ་བསྒྲགས་གཏམ་སྤེལ་བ་དང་འབྲེལ་གནས་ཚུལ་དངོས་ཀྱི་འགྲེལ་བརྗོད་སྙིང་བསྡུས་ཞུ་རྒྱུ་ཡིན།
སྤྱིར་གདན་ས་བཀྲ་ཤིས་ལྷུན་པོའི་ལོ་རྒྱུས་ཀྱི་བྱུང་བའི་ནང་༸རྒྱལ་མཆོག་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ་དཔལ་བཟང་པོས་ཕྱི་ལོ་ ༡༤༤༧ ལོར་དགོན་པ་ཕྱག་བཏབ་ནས་གཉེར་དུ་གཏད་པའི་སྲུང་མ་དཔལ་ལྡན་ལྷ་མོ་དང་། གྲྭ་ཚང་ཁག་གསུམ་གྱི་ནང་ཤར་རྩེ་གྲྭ་ཚང་གིས་སྲུང་མ་མགོན་པོ་དང་། ཐོས་བསམ་གླིང་གྲྭ་ཚང་གི་སྲུང་མ་ལྷ་མོ། དཀྱིལ་ཁང་གྲྭ་ཚང་གི་སྲུང་མ་བེག་ཙེ་ལྕམ་སྲིང་བཅས་སོ་སོར་བསྟེན་གསོལ་བྱེད་པ་དང་། གསང་སྔགས་རྒྱུད་པ་གྲྭ་ཚང་དུ་རྒྱུད་སྡེ་བཞིའི་ཆོ་ག་དང་། དམ་ཅན་ཆོས་སྲུང་ལྷ་བེག་ཇོ་བོ་གསུམ། མགོན་པོ་དཀར་ནག རྒྱལ་ཆེན་རྣམ་ཐོས་སྲས། ཆོས་རྒྱལ་དང་ཚངས་པ་སོགས་ཀྱི་བསྐང་གསོ་གནང་སྲོལ་ཡོད་པ་མ་གཏོགས། དགོན་པའི་གླིང་ནང་ལོ་རྒྱུས་ཐོག་བླ་བྲང་དང་གྲྭ་ཚང་ཁག་ནས་དོན་རྒྱལ་བསྟེན་གསོལ་གྱི་མིང་ཡང་གྲགས་མྱོང་མེད། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་འདྲེ་ལ་སྐྱེས་རྗེས་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་དྲུང་དུ་བཀྲ་ཤིས་ལྷུན་པོའི་སྲུང་མ་མཛད་རྩིས་བྱས་པར་སྐོར་ལམ་ནས་གསང་བདག་ཕྱག་རྡོར་དྲག་པོའི་སྐུར་བཞེངས་པ་རྗེའི་སྐྱེས་བུ་འབྲིང་གི་བཀའ་སྲུང་རྒྱལ་ཆེན་རྣམ་ཐོས་སྲས་རྟ་བདག་བརྒྱད་ཀྱིས་བཀག་སྟེ་འགྲོ་མ་བཅུག་པ་ཁྱེད་ཚོས་ད་དུང་མ་ཤེས་སམ།

པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་ཆེན་པོས་དོལ་རྒྱལ་ལ་དམིགས་བསལ་གྱིས་མནན་པ་བསྲེག་སྦྱོར་དྲག་ལས་མཛད་ཅིང་། པན་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་རྒྱ་ཕེབས་གནང་བའི་རྗེས་སུ་དགོན་པའི་ནང་མི་ཚན་དང་གྲྭ་ཤག་ཁ་ཤས་སུ་ཡུལ་ལྷ་བསྟེན་གསོལ་བྱེད་མཁན་ཁག་གཅིག་བྱུང་ཡོད་པར་ཡང་མི་ཆོག་པའི་དམ་བསྒྲགས་དང་འབྲེལ། དགོན་པའི་བཅའ་ཡིག་ཆེན་མོའི་ནང་དུའང་༼བར་སྐབས་ཤིག་དགོན་པའི་ཐོ་ཁོངས་སུ་གདུག་འདྲེ་རྩ་སྦུགས་སུ་འདྲེན་པ་ཁ་ཡར་བྱུང་ཡོད་ཚོད་འདུག་པ། ཕྱིན་ཆད་ལ་མོ་ཆོས་སྐྱོང་སོགས་དམིགས་བསལ་མ་གཏོགས་གང་བྱུང་ཁོག་ཞུགས་བྱས་མི་ཆོག ཆོས་སྲུང་ཀྱང་ཡེ་ཤེས་ཀྱི་སྤྱན་ལྡན་རྡོ་རྗེའི་སྲུང་མ་ལས། དོལ་རྒྱལ་སོགས་མཁའ་ལ་རྒྱུ་བའི་ཡི་དྭགས་འདྲེ་ངན་གྱི་རིགས་ལ་གསོལ་ཁ་བྱེད་པས་མཚོན་བསྟེན་ཅིང་སྐྱབས་སུ་འགྲོ་བ་ནང་པ་སངས་རྒྱས་པའི་བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་འགལ་ཟླར་འདུག་པས་མི་བྱེད།༽ ཅེས་དམིགས་བསལ་དོལ་རྒྱལ་གྱི་མིང་དངོས་སུ་སྨྲོས་གནང་ནས་འདྲེ་ངན་གྱི་རིགས་གསོལ་ཁ་བྱས་ན་ནང་པ་སངས་རྒྱས་པའི་སྐྱབས་འགྲོའི་བསླབ་བྱ་དང་དངོས་སུ་འགལ་ཡོད་སྐོར་འཛུབ་སྟོན་གནང་ནས། དོལ་རྒྱལ་སོགས་འདྲེ་ངན་རིགས་བསྟེན་གསོལ་རྩ་བ་ནས་མི་ཆོག་པར་བཀག་གནང་ཡོད།

འདི་ཐད་པཎ་ཆེན་སྐུ་གོང་མས་རྒྱུ་མཚན་གནད་འགག་ཏུ་གཟིགས་ཏེ། ༡༩༨༧ ཟླ་ ༦ ཚེས་ ༡༡ ཉིན་ཕྱག་བསྟར་མའི་འགོ་མཚན་གནང་སྟེ། ༡༩༨༨ ལོར་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་གནང་བཞིན་པའི་གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག་དེབ་ཕྲེང་སུམ་ཅུ་སོ་གཅིག་ཡོད་པའི་ནང་ཚན་དེབ་ཕྲེང་བཅུ་གཅིག་པའི་ནང་དགོན་ཁག་གི་བཅའ་ཡིག་ཟེར་བའི་ནང་དམིགས་བསལ་གྱིས་བཀྲ་ཤིས་ལྷུན་པོའི་བཅའ་ཡིག་ཆེན་མོ་ཕྱོགས་སྒྲིག་འགྲེམ་སྤེལ་གནང་ཡོད་པའང་གསལ་པོར་ཤེས་དགོས།

པཎ་ཆེན་སྐུ་ཕྲེང་དགུ་པ་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་སྐྱེ་རྒུ་མདོར་སྐུ་གཤེགས་པའི་རྗེས་སུ་རྗེ་བ་ཕོང་ཁ་པས་བཀྲ་ཤིས་ལྷུན་པོ་དགོན་པའི་ཕྱི་ལོག་བདེ་ཆེན་ཕོ་བྲང་དུ་གསུང་ཆོས་གནང་སྐབས་དོལ་རྒྱལ་སྐོར་བཤད་པ་གནང་མྱོང་ཡོད་ཅིང་། དེ་རྗེས་རྗེ་ཕ་བོང་ཁ་པས་བཀྲ་ཤིས་ལྷུན་པོའི་དགོན་པའི་གླིང་གི་ཕྱི་ལོག་ཏུ་ཡོད་པའི་བདེ་ཆེན་ཕོ་བྲང་གི་རྒྱལ་སྒོའི་ནང་མའི་ཕྱི་ལོག་ཏུ་དོལ་རྒྱལ་གྱི་ལྕོག་ཁང་ཏོག་ཙམ་ཞིག་བཞེངས་ཡོད། དེའི་ཚེ་དགོན་པའི་ཕྱི་ནང་ནས་གཅིག་གྱུར་གྱི་དད་གསོལ་བྱེད་རྒྱུ་ཕར་ཞོག་སེར་སྐྱ་ཕོ་མོ་ཕལ་ཆེ་བས་འཇིགས་སྣང་དང་མི་དགའ་བའི་རྣམ་འགྱུར་གསལ་པོར་བསྟན་ཡོད།

དེའི་མཇུག་སྐྱོང་གཞུང་ཞབས་བཀྲས་ལྷུན་སྐུ་དྲག་ཁག་གཅིག་གིས་བྱས་ངོར་པཎ་ཆེན་སྐུ་ཕྲེང་དགུ་པ་སྐུ་གཤེགས་པ་ནས་པཎ་ཆེན་སྐུ་ཕྲེང་བཅུ་པ་སྐུ་ན་མ་སོན་བར་དུ་བདེ་ཆེན་ཕོ་བྲང་གི་རྩེ་དགོན་ཁང་སོགས་སུ་ཤུགས་ལྡན་བསྟེན་གསོལ་བྱེད་རྒྱུ་དར་སྤེལ་གཏོང་ཐབས་བྱས་ཡོད། འོན་ཀྱང་དགོན་པའི་གླིང་ནང་སྔ་ཕྱི་བར་གསུམ་དུ་ཤུགས་ལྡན་བསྟེན་གསོལ་དར་སྤེལ་རྩ་བ་ནས་བཏང་ཐུབ་མེད། དུས་ཕྱིས་པཎ་ཆེན་སྐུ་ཕྲེང་བཅུ་པའི་གསུང་འབུམ་ཕྱོགས་སྒྲིག་བྱས་པའི་ནང་གི་དོལ་རྒྱལ་བསྐང་འཕྲིན་དེའང་མཁན་དྲུང་ཏཱ་བླ་མ་ནོར་བྲང་བློ་བཟང་རྒྱལ་མཚན་དང་། རྩེ་དགོན་རྡོར་སློབ་བློ་བཟང་བྱང་ཆུབ་གཉིས་ཀྱིས་ཐང་ག་གསར་བཞེངས་ཀྱི་སྨོན་ཚིག་ཏུ་བསྐུལ་ངོར་བྲིས་གནང་བ་མཇུག་བྱང་དུ་འཁོད་ཡོད་པ་དེས་ཀྱང་གསལ་པོ་ཤེས་ཐུབ།
དེ་མིན་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་སྐུ་སྒེར་ངོས་ནས་ཀྱང་སྐུ་ཚེ་གང་པོར་དོལ་རྒྱལ་བསྟེན་གསོལ་རྩ་བ་ནས་གནང་མྱོང་མེད་ཅིང་། དེ་བས་ཁོང་ཉིད་སྐུ་ཚེ་སྨད་དུ་བླ་བྲང་གཟིམ་ཆུང་གོང་འོག་ཚང་མར་དོལ་རྒྱལ་བསྟེན་གསོལ་གནང་བའི་རྟགས་ཙམ་མངོན་རྒྱུ་མེད་པ་འབྲེལ་ཡོད་ཞབས་འབྲིང་དང་བཀྲ་ཤིས་ལྷུན་པོའི་དགེ་འདུན་བགྲེས་གཞོན་ཚང་མས་མཁྱེན་གསལ་རེད། རྗེས་སུ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་རྫོགས་ནས་ཟླ་བ་ཁ་ཤས་ལས་མ་སོང་བར་དགོན་པའི་ལས་བྱེད་འགའ་ཡིས་བདེ་ཆེན་ཕོ་བྲང་གི་འོག་ཐོག་ཏུ་ཡོད་པའི་དགོན་ཁང་གི་སྒོ་རྒྱབ་ཏུ་དོལ་རྒྱལ་འདྲ་སྐུ་ཞིག་གསར་བཞེངས་བྱས་ཡོད་པ། སྐབས་དེར་དགོན་པའི་གནད་ཡོད་མཁན་བླ་ཁག་ནས་བཀག་འགོག་ཤུགས་ཆེ་མཛད་ཡོད་ཀྱང་། རྒྱ་གཞུང་དང་འབྲེལ་ཆགས་འགོ་དཔོན་དག་གི་དབང་ཤུགས་འོག་ནས་དོན་འབྲས་མ་སོན། འོན་ཀྱང་དུས་ད་ཆའང་གཞིས་རྩེ་ཁུལ་གྱི་དད་ལྡན་སེར་སྐྱ་མི་མང་བདེ་ཆེན་ཕོ་བྲང་དུ་མཇལ་བཅར་བ་ཚོས་གཟིམ་ཆུང་ཁག་ཚང་མ་མཆོད་མཇལ་ཚར་རྗེས་དགོན་ཁང་གི་དོལ་རྒྱལ་འདྲ་སྐུ་མ་མཇལ་བར་ཤར་རེར་ལོག་འགྲོ་མཁན་ཞེ་ཅིག་རེད།
མ་ཟད་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་སྐུ་ན་དར་ལ་བབ་ཅིང་རང་སྟོབས་ཀྱིས་ཐུགས་ནུས་སྟོན་པའི་དུས་ནས་དགོངས་པ་མ་རྫོགས་བར་དུ་བོད་མི་རིགས་ཀྱི་བདེ་སྡུག་ཆེད་དུ་སྐུ་ལས་བསྐྱོན་མཁན་གྱི་སྐྱེས་བུ་དམ་པ་བླ་ན་མེད་པ་ཞིག་ཡིན་པ་ལས། དོལ་རྒྱལ་བསྟེན་གསོལ་དར་སྤེལ་གནང་ནས་བཞུགས་པ་བཀའ་སློབ་དང་མཛད་པ་གང་དུའང་ཆ་ཤས་ཙམ་ཡང་མཇལ་རྒྱུ་མེད་པ་ཚང་མས་མཁྱེན་གསལ་རེད།

ལྷག་པར་བོད་ལྕགས་བྱ་ལོར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་སྐུ་ངོ་མས་བདག་ཅག་བྱེས་ཀྱི་གདན་ས་འདིར་གནང་བའི་ནང་མའི་བཀའ་སློབ་ཕྱག་བྲིས་ཕྱག་བསྟར་མའི་ནང་། དེ་གའི་བླ་མ་ལས་སྣེ་དགེ་འདུན་འདུས་མང་སྦྱིན་བདག་དང་བཅས་ལ། ཁྱེད་ཚོས་དུས་དང་རྣམ་པ་ཀུན་ཏུ་སྙིགས་དུས་བསྟན་འགྲོའི་མགོན་དཔུང་དམ་པ༸གོང་ས་༸རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཚེ་རྒྱལ་མཚན་བརྟན་ཅིང་མཛད་འཕྲིན་རླབས་ཆེན་རྣམས་ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པ་སོགས་ཀྱི་ཆེད་དུ་ཕྱར་བ་གྲུ་འདེགས་བཅས་ཀྱི་སྒོ་ནས་མདུན་ནས་མདུན་དུ་བསྐྱོད་རྒྱུ་ཤིན་ཏུ་གལ་ཆེ་བས་དེ་ལུགས་སྤང་བླངས་བྱེད་དགོས་ཞེས་སོགས་དང་། མ་ཟད་༸གོང་ས་མཆོག་གི་སྐུ་ཚབ་དང་ཕྱི་ལོག་ནས་དད་ལྡན་མཇལ་བཅར་བ་ཚོར་རྟག་ཏུ་༸རྒྱལ་དབང་ཡིད་བཞིན་ནོར་བུ་སྐུ་ཚེ་བརྟན་པ་དང་། ཁོང་གི་བླང་དོར་བཀའ་སློབ་འོག་ཤར་བསྐྱོད་ཐུབ་པ་གལ་ཆེ་ཡིན་སྐོར་བཀའ་སློབ་ལམ་སྟོན་རིམ་པར་ཕེབས་པ་དེ་རང་ནས་ཁོང་གི་དགོངས་པ་ངོ་མ་དེ་ང་ཚོས་རྟོགས་ཐུབ་ལ། གལ་ཏེ་པཎ་ཆེན་རིན་པོ་ཆེའི་བཀའ་ལ་བརྩི་མཁན་ངོ་མ་ཞིག་ཡིན་ན་གོང་གསལ་བཀའ་སློབ་ཀྱི་སྙིང་དོན་རྣམས་སྤང་བླངས་ཚུལ་བཞིན་བྱེད་དགོས་པའི་དུས་ལ་བབས་ཡོད།

བར་ལམ་དོལ་ཚོགས་ནས་ང་ཚོར་བཏང་བའི་པཎ་ཆེན་སྐུ་ཕྲེང་བཅུ་པའི་གསུང་འབུམ་གྱི་དཔར་བཤུས་ནང་དུ་༼ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་ཀྱི་རྗེས་ཆོག་ཡང་ལྷན་ནག་འགྲོས་སུ་བཀོད་པ་བཞུགས་སོ།༽ཟེར་བར་ཡང་སྨྱོ་ཧམ་ཆེན་པོས་ཤུགས་ལྡན་སྐོར་གྱི་བརྩམས་ཆོས་ཡིན་པའི་མཆན་རྟགས་བཀོད་ནས། ཕྱག་དཔེའི་ནང་རྡོ་རྗེ་ཤུགས་ཟེར་འཁོད་ཡོད་ན་ཤུགས་ལྡན་ལ་གོ་བ་ལེན་ཤག་ཤག་བྱེད་འདུག་པ་དེ་ནི་ལོང་བ་གཡང་མཆོངས་རེད་མ་གཏོགས། དོན་དངོས་སུ་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་ནི་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་སྐབས་ཀྱི་ཁྲོ་རྒྱལ་རྡོ་རྗེ་ཤུགས་ཡིན་པ་ལས། ཁྱེད་ཅག་གིས་བསམ་པའི་རྡོ་རྗེ་ཤུགས་ལྡན་ཟེར་བ་དེ་མ་ཡིན་ནོ་ཞེས་ཞོར་འགྲེལ་ཙམ་དང་། དེ་ལྟར་མ་ཤེས་ཤེས་མདོག་གམ་ཡང་ན་རྫུན་གཏམ་ལ་ངན་གོམས་སོང་བ་གང་ལྟར་ཡང་དེ་དག་ནི་ཅོལ་ཆུང་གི་བྱ་བ་འབའ་ཞིག་ཏུ་མཐོང་།

པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ངོས་འཛིན་ཞུ་སྟངས་ཐད་ཁྱོད་ཚོའི་གྲས་བླུན་རྨོངས་ཐ་ཤལ་འགའ་ཞིག་གིས་མ་ཤེས་ཤེས་ཁུལ་གྱི་མུ་ཅོར་གང་སར་སྒྲོག་བཞིན་འདུག ཁྱོད་ཚོས་༸རྒྱལ་དབང་པཎ་ཆེན་ཡབ་སྲས་གཉིས་ཀྱི་མཛད་པ་དང་། བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་སྟངས་སྐོར་གྱི་ལོ་རྒྱུས་དངོས་དང་། གནད་ལུགས་དམ་པ་ཅུང་ཙམ་ཡང་མ་ཤེས་པར་ཁ་ཤུགས་ཆེན་པོས་ལོག་བཤད་སྤེལ་བ་ནི་རྒྱ་ནག་གཞུང་གི་འདོད་དོན་ཁོ་ན་འགྲུབ་ནས་རང་མདོག་ངན་པ་ཁྲོམ་སར་སྟོན་པ་ཙམ་ལས་མ་འདས། པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ངོས་འཛིན་ཞུ་སྟངས་སྐོར་རྒྱང་རིང་དུ་བལྟ་མི་དགོས་པར་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་མཛད་རྣམ་དང་ལྷག་པར་དགོངས་པ་རྫོགས་ཁའི་བཀའ་སློབ་རྣམས་ལ་རྩེ་གཅིག་ཏུ་ཉན་ནས་གོ་ཤེས་ཐུབ་ན་དོན་ངོ་མ་གང་ཡིན་གཞི་ནས་ཤེས་ངེས་རེད། ཁྱོད་ཅག་དོལ་ཚོགས་རྗེས་འབྲང་པ་ཆེས་ཉུང་ཤས་ཤིག་གིས་ཉིན་མཚན་དུས་དྲུག་ཏུ་དོལ་རྒྱལ་བསྟེན་གསོལ་ལ་ཁ་གཡར་ནས་དོན་ངོ་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་གསུང་ཐུགས་ཀྱི་མཛད་པར་ཉི་ཤར་སྦར་མོས་འགེབས་ཐབས་བྱས་དང་བྱེད་བཞིན་པ་ནི། རང་ཉིད་ནག་ཁུང་ནས་ནག་ཁུང་ཏུ་ལྷུང་བ་ཙམ་ལས་འཛམ་གླིང་ཡོངས་ལ་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་མཛད་འཕྲིན་ཉི་མ་འབུམ་གྱི་འོད་ཟེར་ཁྲ་ཐིང་ངེར་ཤར་ཡོད་པ་ཤེས་དགོས་སོ།།

རྒྱ་ནག་གཞུང་གིས་ཀྱང་ཁྱོད་ཅག་དང་འདྲ་བར་༸གོང་ས་མཆོག་ལ་ད་བར་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་མི་རྒྱུ་ཚོད་མེད་བཏང་ནས་དངོས་ཤུགས་བརྒྱུད་གསུམ་གྱིས་མཚན་སྨད་སྒྲོ་བསྐུར་ཇི་སྙེད་ཅིག་ཞུས་དང་ཞུ་མུས་སུ་ཡོད་ཀྱང་། དེ་དག་གིས་ཁོང་གི་མཛད་འཕྲིན་གྱི་ཆ་ཕྲ་མོ་ཙམ་ལའང་དོ་ཕོགས་ཡོང་རྒྱུར་ཕར་བཞག དེ་བས་༸གོང་ས་མཆོག་ནི་ད་ཆ་འཛམ་གླིང་ནང་གི་སྟོབས་ཆེ་ཆུང་གི་རྒྱལ་ཁབ་ཧ་ཅང་མང་པོ་དང་། རྣམ་དཔྱོད་ལྡན་པའི་མི་མང་ཀུན་གྱིས་བླ་ན་མེད་པའི་གུས་བཀུར་བརྩི་འཇོག་མཐོང་ཆེན་ཞུ་ཡུལ་གྱི་སྐྱབས་གནས་དམ་པ་ཞིག་ཆགས་ཡོད་པ་ཅིས་ཀྱང་ཤེས་དགོས་སོ།།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཁུངས་ལྡན་ལོ་རྒྱུས་དུ་མའི་རྒྱབ་ལྗོངས་གཞི་ལ་བཞག་ཅིང་། ལོ་མང་བརྟག་དཔྱད་ཞིབ་ཚགས་རིམ་པར་མཛད་ནས་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་བྱས་ན་ལེགས་ཚོགས་ཆེ་སྐོར་གྱི་སྤང་བླང་ཀྱི་བཀའ་སློབ་ཕེབས་པ་ནི། བོད་བརྒྱུད་ནང་བསྟན་སྤྱི་དང་། ལྷག་པར་
ཡབ་རྗེ་༸རྒྱལ་བ་གཉིས་པ་འཇམ་མགོན་ཙོང་ཁ་པ་ཆེན་པོས་སྲོལ་གཏོད་པའི་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་བསྟན་པར་ཐུགས་བརྩེ་བ་ཆེན་པོས་དག་ཐེར་ལེགས་པར་མཛད་པའི་རྨད་བྱུང་མཛད་ཆེན་ཞིག་ཡིན་པར་བདག་ཅག་གདན་ས་འདིའི་མཁན་བླ་དགེ་འདུན་འདུས་མང་དང་བཅས་ནས་སྤང་བླང་འཛོལ་མེད་ཚུལ་བཞིན་ཞུས་དང་ཞུ་བཞིན་པ་དང་། ཕྱིན་ཆད་ཀྱང་འདྲེ་ངན་དོལ་རྒྱལ་བསྟེན་གསོལ་ཕར་བཞག་ལྟ་ངན་ལོག་རྟོག་རྗེས་འབྲང་དང་བཅས་པར་ཆོས་དང་ཟང་ཟིང་འབྲེལ་བ་སྤུ་ཙམ་མི་བྱེད་རྒྱུར་མ་སྐུལ་དང་བླངས་ཀྱིས་རྡོ་རྗེའི་དམ་བཅའ་བརྟན་པོར་འཇོག་རྒྱུ་ཡིན། ལར་ནས་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་སོགས་ཀྱིས་ཀུན་གཟིགས་མཆོག་གི་མཛད་པར་ལོག་རྟོག་གིས་གང་བྱུང་འགྲེལ་ལོག་བྲིས་བཤད་བྱས་པ་སོགས་ནི་ཤིན་ཏུ་མ་འོས་པ་དང་མི་ཆོག་པ་ཞིག་ཡིན་པས། གནད་དོན་དེ་རིགས་ལ་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་བླ་དགེ་འདུན་འདུས་མང་དང་བཅས་ནས་དོ་འཁུར་ཆེན་པོས་མཐའ་གཅིག་ཏུ་གདོང་ལེན་བྱེད་ངེས་ཡིན།། །གདན་ས་བཀྲ་ཤིས་ལྷུན་པོའི་མཁན་བླ་འདུས་མང་དང་། པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་ཐུན་མོང་གིས་སྤྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༢༣ ལ།།
སྨོན་ལམ་ལོག་པས་༸རྒྱལ་བའི་བསྟན་པ་ལ།། འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ།། བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པ།། མཆོག་གསུམ་བདེན་པས་རྩད་ནས་གཅོད་གྱུར་ཅིག།།